སྤིར་གྲགས་འུར་འདྲོག

ཨ་རིར་གཏོང་རྒྱུའི་སྐོར་ཁྲིམས་གཞི་གཏན་འབེབ་མ་ཟིན་གོང་མང་ཚོགས་འུར་འདྲོག་དང་དོན་མེད་རེ་སྟོང་ནི་ངལ་བའི་རྒྱུ་ལས་མ་འདས་ཁར། ཁྲིམས་གཞི་གཏན་འབེབ་ཟིན་མཚམས་མི་འགྲོ་གདམ་ཕྱོགས་སྒྲིག་གཞི་གཏན་འབེབ་གཞིར་བཟུང་བྱ་རྒྱུ་ལས། ཁུངས་སོ་སོའི་ཞུ་ཕྱོགས་ལ་ལྟ་རྒྱུ་མིན་ཅེས་བཀའ་ཤག་གིས་བསྒྲགས་ཡོད།

ལོ་འདིར་ང་ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་རྒྱ་གར་དང་བལ་ཡུལ་གྱི་བོད་མི་ ༣༠༠༠ ཨ་རིར་ལེན་རྒྱུའི་གྲོས་གཞི་ཞིག་བཏོན་ཡོད་ལ། གནས་ཚུལ་དེ་ཁྱབ་མ་ཐག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འུར་འདྲོག་གི་རྣམ་པ་ཞིག་བསླེབས་ཡོད་འདུག ཕྱི་ཚེས་ ༢༠ ཉིན་བོད་མིའི་རང་དབང་ཐོག་བཀའ་ཤག་གིས་གསལ་བསྒྲགས་སྤེལ་དོན། ཨ་རིའི་གྲོས་ཚོགས་འཐུས་མི་རྗོར་ཇུ་མིལ་ལར་དང་སེན་སེན་བྷེ་རེན་ནར་ (Mr. George Miller and Mr. Sensenbrenner) རྣམ་གཉིས་ནས་ ༢༠༠༨ ཕྱི་ཟླ་ ༧ ཚེས་ ༡༧ ཉིན་ཨ་རིའི་གྲོས་ཚོགས་སུ་བོད་མི་སུམ་སྟོང་ལས་མ་བརྒལ་བ་ཞིག་ཕྱི་ལོ་ ༢༠༡༠ ནས་བཟུང་ལོ་གསུམ་གྱི་རིང་ཨ་རི་ནང་འཛུལ་ཞུགས་ཆོག་མཆན་ (Immigrant Visa) གནང་རྒྱུའི་ཁྲིམས་འཆར་ཞིག་འགོད་འབུལ་བྱས་ཡོད་པ་དེ་ཁྲིམས་དོན་ཚོགས་ཆུང་ལ་ཞིབ་འཇུག་ཆེད་བཏང་ཟིན་འདུག འོན་ཀྱང་ཁྲིམས་འཆར་གྲོས་ཚོགས་སུ་གཏན་འབེབས་དང་སྲིད་འཛན་གྱི་ཆོག་མཆན་བཅས་ཡོང་མིན་ད་ལྟ་ཚོད་དཔག་དཀའ་བ་མ་ཟད། ཁྲིམས་འཆར་གཏན་འབེབས་བྱུང་དབང་དུ་བཏང་རུང་ད་དུང་ཉུང་མཐར་ལོ་གཉིས་ཙམ་འགོར་གཞི་ཡོང་ངེས། ཁྲིམས་འཆར་གཏན་འབེབས་དང་། སྲིད་འཛིན་གྱི་ཆོག་མཆན་ཐོན་མཚམས་སུ་གཞི་ནས་བཙན་བྱོལ་བོད་གཞུང་དང་ཨ་རི་གཞུང་དབར་གྲོས་བསྡུར་ཐོག་མི་འགྲོའི་འོས་ཆོས་དང་གདམ་ཕྱོགས་གཏན་འབེབ་བྱ་རྒྱུ་དང་། དེ་རྗེས་གཞུང་འབྲེལ་གྱིས་མི་འགྲོ་འདེམས་སྒྲུག་འགོ་འཛུགས་བྱ་རྒྱུ་ཡིན་གཤིས། ས་ཁུལ་གང་ས་ནས་དང་མི་འགྲོ་ཅི་འདྲ་ཞིག་འདེམ་སྒྲུག་བྱ་རྒྱུ་ཡིན་མིན་ད་ལྟ་ནས་ཚོད་དཔག་ཐུབ་ཐབས་མེད་ཟེར།

གཞན་ཡང་བཀའ་ཤག་གིས་ཁྱབ་བསྒྲགས་ནང་། བར་སྐབས་གོ་ཐོས་སུ་ཉེ་ཆར་གྲོས་ཚོགས་ནང་ཁྲིམས་འཆར་བཏོན་པའི་གསར་འགྱུར་ཐོས་འཕྲལ་བོད་མི་གནས་ཡུལ་མང་པོ་ཞིག་ཏུ་སྤིར་གྲགས་འུར་འདྲོག་དང་། མིང་ཐོ་བསྡུ་ལེན་བྱེད་མཁན་ཡང་ཡོད་ཚུལ་འདུགཔ་དངོས་བདེན་ཡིན་ཚེ་ཤིན་ཏུ་མ་འོས། སྔ་ལོ་ཡང་ཨ་རུ་ན་ཅལ་ཁུལ་དུ་གཞུང་འབྲེལ་མིང་ཐོ་བསྡུ་མཁན་ཡིན་ཚུལ་གྱིས་མང་ཚོགས་ནས་དངུལ་འབབ་ཁྲམ་ཟོས་བྱེད་མཁན་བྱུང་འདུག་པ་དེ་རིགས་ས་གནས་གཞན་དུའང་འོང་སྲིད་སྟབས། ས་འགོ་སོ་སོས་ད་ལྟ་ཨ་རིར་བོད་མི་གཏོང་རྒྱུའི་ཁྲིམས་གཞི་གཏན་འབེབས་ཟིན་མེད་པ་དང་། ཁྲིམས་གཞི་གཏན་འབེབས་མ་ཟིན་གོང་ནས་མང་ཚོགས་འུར་འདྲོག་དང་། དོན་མེད་རེ་སྟོང་བྱ་རྒྱུ་ངལ་བའི་རྒྱུ་ལས་མ་འདས་ཁར། ཁྲིམས་གཞི་གཏན་འབེབ་བྱུང་མཚམས་མི་འགྲོ་གདམ་ཕྱོགས་སྒྲིག་གཞི་གཏན་འབེབ་གཞིར་བཟུང་བྱ་རྒྱུ་ལས་ཁུངས་སོ་སོའི་ཞུ་ཕྱོགས་ལ་བལྟ་རྒྱུ་མིན་པའི་སློབ་སྟོན་ནན་པོ་དགོས་རྒྱུ་མ་ཟད། མགོ་སྐོར་བསླུ་བྲིད་འོག་མིང་ཐོ་བསྡུ་ལེན་ནམ་སྙན་འབུལ་རྒྱབ་གཉེར་སོགས་རང་འཚམས་ཀྱིས་བྱེད་མཁན་བྱུང་ན་འཕྲལ་དུ་ཐེར་འདོན་བཀག་འགོག་ལྷོད་ཡངས་སུ་མ་སོང་བ་ངེས་པར་དགོས་རྒྱུ་དགོངས་འཇགས་ཞུ། ཞེས་བཀོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply