བིས་མདོའི་ཆུ་ལོག

ངྷ་སར་གནས་སྡོད་རི་མོ་བ་རྟ་མགྲིན་ཚེ་བརྟན་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༡༩ དགོང་མོའི་ཆུ་ཚོད་ ༡༡ ཙམ་ནས་ཚེས་ ༢༠ ཞོགས་པའི་ཆུ་ཚོད་ ༦ བར་མདོ་སྨད་བླ་བྲང་དང་ཡ་རྫི་རྗོང་བིས་མདོ་ས་ཁུལ་དུ་ཆར་ཆུ་ཤུགས་ཆེར་བབས་ཏེ། བིས་མདོ་ཨ་སྡེ་དང་བར་སྐོར། རུ་མང་སྡེ་བ་བཅས་ཀྱི་མང་ཚོགས་ཚོའི་ས་ཞིང་དང་ཁང་པ། ཚོང་ཁང༌། སྟོན་ཏོག་བཅས་འཁུར་ཏེ་མི་དམངས་ལ་ཚབས་ཆེའི་གྱོང་གུད་ཕོག་ཡོད་འདུག་ལ། ལྷག་པར་དུ་བིས་མདོ་བར་སྐོར་དཀྱིལ་འཁོར་ལུང་པར་མཚོན་ན་ནགས་ཚུལ་སྟུག་པོ་ཞིག་ཡོད་སྟབས་ཆུ་ལོག་ཇེ་ཆེར་གྱུར་ཏེ། ཁྱིམ་ཚང་ཉི་ཤུ་ཙམ་གྱི་གཞིས་ཀའམ་སྟོན་ཏོག་བླངས་ཚར་བ་རྣམས་ཁུར་བ་དང༌། ཤ་བོ་སྐྱིད་ཚང་དང་མཁས་སྒྲུབ་ཚང༌། བསེ་འགན། གུ་རུ། ཚེ་ལོ་ཚང་བཅས་ཀྱི་ཚོང་ཁང་ཆུས་ཁུར་ཏེ་ཤུལ་མེད་ཆགས་པ་མ་ཟད། པདྨ་ཚང་དང་བཀྲ་ཤིས་ཚང༌། གནམ་རྒྱལ་ཚང༌། དར་རྒྱས། སྟག་ལྷ། ཚེ་རིང་རྒྱལ། ཚེ་ལོ་ཚང་བཅས་ཁྱིམ་ཚང་བདུན་གྱི་ཁང་པ་དང༌། ཁྱིམ་ཚང་གི་ཅ་དངོས་ཡོད་ཚད་ཆུས་ཁུར་ཡོད་འདུག གཞན་རྡོ་སྤིས་བསེ་ཆང་གི་རྒད་པོ་ཞིག་ཀྱང་ཆུས་ཁུར་ཡོད་འདུག

གནས་ཚུལ་འདི་ཞང་གི་ལས་བྱེད་པར་ཡར་ཞུ་བྱས་ཏེ་རྒྱ་ནག་གཞུང་ངོས་ནས་ཐེངས་འདིར་གྱོང་གུད་ཐེབས་པའི་མང་ཚོགས་ཚོར་རོགས་སྐྱོར་བྱེད་པར་འབོད་སྐུལ་བྱས་འདུག་ཀྱང༌། ཞང་གི་ལས་བྱེད་པས་སྡེ་བ་སོ་སོའི་གྱོང་གུད་ཐེབས་པའི་ཁྱིམ་ཚང་ཚང་མའི་གནས་ཚུལ་རྒྱུས་ལོན་བྱས་ཏེ། ཁྱིམ་ཚང་རེར་རོགས་སྐྱོར་ཆེད་རྒྱ་སྒོར་སུམ་བརྒྱ་ཙམ་ལས་སྤྲད་མི་འདུག་ལ། དེས་ཐེངས་འདིར་ཁོང་ཚོའི་ས་ཞིང་དང་ཁྱིམ་ཚང༌། ཚོང་ཁང༌། སྟོན་ཏོག་སོགས་ཁུར་བའི་ཁ་གསབ་ཅི་ཡང་བྱེད་ཐུབ་ཀྱི་མེད་མོད། ཐེངས་འདིར་ཆུ་ལོག་གིས་ཁུར་ཡོང་བའི་ས་རྡོ་དང་འདམ་བག་སོགས་མི་དམངས་རང་ངོས་ནས་གཙང་མ་བྱེད་རྒྱུར་དཀའ་ཁག་ཤིན་ཏུ་ཆེ་བར་བརྟེན། མི་དམངས་ཀྱིས་རྒྱ་ནག་གཞུང་གིས་དེང་རབས་ཀྱི་སྐྱེལ་འདྲེན་འཕྲུལ་འཁོར་དང་ས་འདེད་འཕྲུལ་ཆས་སོགས་བེད་སྤྱད་དེ་ས་རྡོ་དང་འདམ་བག་སོགས་གཙང་བཟོ་བྱ་རྒྱུར་རེ་བ་རྒྱག་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply