༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྙན་དྲུང་དུ།

གུས་བར་འོས་པའི་ཏཱ་ལའི་བླ་མ་མཆོག་གི་དྲུང་དུ།

ང་རང་ཆུང་དུས་སམ་ཡང་ན་ལོ་ན་གཞོན་པའི་དུས་སུ། ངའི་སྣང་ངོར་ཁྱེད་ནི་མི་ལྤགས་གྱོན་པའི་འདྲེ་སྲིན་ཞིག་ཏུ་འདོད་མྱོང༌། གཅིག་བྱས་ན་ཉིད་ཀྱིས་ང་རང་ཧན་མི་རིགས་ཤིག་ཡིན་པ་ཚོད་དཔག་བྱེད་ཡོད་ངེས། བདེན་ཏེ། ང་ནི་རྒྱ་ནག་དམར་ཤོག་གི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་ཧན་མི་རིགས་ཤིག་ཡིན། བློ་ཡུལ་ལས་འདས་པ་ཞིག་ལ། ༡༩༩༧ ལོར་ང་རང་བོད་ལྗོངས་སུ་འགྲོ་བའི་གོ་སྐབས་ཐོབ་བྱུང་བ་དང༌། ལོ་དེར། ངས་ཐོག་མར་ཉིད་ཀྱི་སྐུ་པར་མཐོང་བ་ཡིན། ཁྱེད་ཀྱི་བྱམས་བརྩེ་དང་བཀུར་བར་འོས་པའི་ཞལ་རས་དེ་མཐོང་རྗེས་ང་རང་གཞི་ནས་རྒྱ་ནག་གི་དྲིལ་བསྒྲགས་ལ་ཐེ་ཚོམ་སྐྱེས་སོང༌།

ལོ་དེའི་དཔལ་ལྷ་མོའི་དུས་ཆེན་གྱི་ཉིན་མོ་ང་རང་ཞོགས་པ་སྔ་བོར་གཙུག་ལག་ཁང་དུ་སོང་བ་ཡིན་ལ། གཙུག་ལག་ཁང་ལ་འབྱོར་དུས་དཔལ་ལྷ་མོའི་ཞལ་ཁེབ་ཕྱེས་ཚར་འདུག ངས་ལྷ་མོ་ལ་ལྟ་སྐབས། གློ་བུར་དུ་ངའི་རྒྱབ་ཕྱོགས་ནས་རྒན་མོ་ཞིག་གིས་བླངས་པའི་སྐྱོ་གདུང་དང་མྱ་ངན་གྱི་གླུ་སྐད་ཞིག་གྲགས་བྱུང༌། ཁོ་མོས་ལག་ནང་གི་གསོལ་ཆང་སྲོང་བཙན་སྒམ་པོའི་སྐུ་རྟེན་མདུན་གྱི་ཐེབ་ཙི་ནང་དུ་བླུགས་ཞོར་དང་གླུ་དབྱངས་ལེན་ཞོར་བྱེད་ཀྱིན་འདུག སྐབས་དེར་ཕྱོགས་བཞི་རུ་ཡོད་པའི་ཕོ་མོ་རྒན་གཞོན་ཚང་མས་རྒན་མོ་དེ་དང་མཉམ་དུ་གླུ་དབྱངས་བླངས་བྱུང༌། ཉེན་རྟོག་པ་སླེབས་མ་ཐག་ཁོ་ཚོའི་གླུ་སྐད་ཇེ་མཐོར་བུད་སོང༌།  འདི་ནི་ཏཱ་ལའི་བླ་མའི་བསྟོད་པ་རེད་ཅེས་འཁྲིས་ཀྱི་མི་ཞིག་གིས་སྐད་ཤུགས་ཆུང་ངུའི་ངང་ང་ལ་བཤད་བྱུང༌། ཉིན་འདིར་ང་རང་མགྲོན་ཁང་ནས་ལྷ་སའི་བར་སྐོར་གྱི་ཁྱིམ་ཚང་ཞིག་ཏུ་སྤོར་བ་ཡིན། ༡༩༥༩ ལོའི་སྔོན་དུ་ཁྱིམ་ཚང་འདིའི་བུད་མེད་ཀྱིས་ཉིན་རེ་ལ་རྒྱ་སྒོར་ཁྲི་གསུམ་བཞི་ཡི་རྒྱན་གོས་སྤྲོས་སྲོལ་ཡོད་ཀྱང༌། ད་ལྟ་ཁོ་མོར་གྱོན་གོས་བརྗེ་ལེན་རེ་ཟུང་ལས་མི་འདུག་ལ། སྔོན་ཆད་ཡབ་མེས་ཚོའི་ཤུལ་བཞག་གི་ཁང་པ་ཡང་གཤིག་སྟེ་ཚབ་དུ་ཁང་པ་གསར་པ་ཞིག་སྤྲད་ཡོད་ཀྱང༌། ཁང་པ་གསར་པ་དེ་སྔོན་གྱི་ཁང་པའི་ཕྱེད་ཀ་ཙམ་མ་གཏོགས་མེད་པ་དང༌། ཆུ་ཡང་མི་འདུག་པས་གསང་སྤྱོད་སོགས་ཀྱི་དྲི་ངན་ལྷ་སའི་བར་སྐོར་ལ་ཁྱབ་འདུག རྒྱ་ནག་གི་ཧམ་འཕྲོག་དང་སྒེར་སྤྱོད་ཀྱི་བྱས་ཉེས་ལ་བུད་མེད་འདིས་སྐད་ཆ་ཅི་ཡང་མི་བཤད་ཀྱང༌། ཁོ་མོས་རྒྱུན་པར་སྐད་ཡིག་གཞན་པ་ཞིག་གིས་སྐད་ངག་དམའ་བོའི་སྒོ་ནས་ཅི་ཞིག་འདོན་གིན་འདུག ངའི་བསམ་བློར་ཁོ་མོས་མ་ཎི་འདོན་གིན་འདུག་བསམ་བྱུང་མོད། ཉིན་ཞིག་བུད་མེད་དེ་ཡིས་སྒེའུ་ཁུང་ནས་གཡས་གཡོན་དུ་མི་ཡོད་མེད་བལྟས་རྗེས་སྐད་ཤུགས་ཆུང་ངུའི་ངང་ཁྱེད་ཀྱི་ཞབས་བརྟན་འདོན་གི་ཡོད་ཟེར།

༡༩༩༩ ལོའི་ཟླ་ ༤ བའི་ནང་ང་རང་བོད་དུ་ཐེངས་གཉིས་པར་ཡོང་བ་ཡིན། སྐབས་དེར་ང་རང་ལྷོ་ཁའི་ཙ་ལངས་རྫོང་ཅིས་རུའུ་ཞང༌། རི་དྲི་ཁ་སྡེ་བའི་ཞིང་པ་ཞིག་གི་ཁྱིམ་དུ་བསྡད། དེ་རུ་ཆུ་དང་གློག་མི་འདུག་པས་ཁྱིམ་ཚང་གི་ནང་མི་ཚོ་ཞོགས་པ་སྔ་བོ་ནས་རྒྱུག་ཆུའི་ཁར་ཆུ་ལེན་དུ་འགྲོ་བ་དང༌། དགོང་མོ་བྱིས་པ་ལ་སོགས་པ་གཞུ་མར་གྱི་མདུན་དུ་བསྡད་དེ་བལ་སེལ་གྱིན་འདུག སྣམ་བུ་བཙོང་རྒྱུ་ནི་སྡེ་བ་འདིའི་འཚོ་བའི་ཡོང་ཁུངས་གཅིག་པུ་དེ་ཡིན་པར་སྣང༌།  ང་ཚོའི་ཟ་མ་ཧ་ཅང་ལས་སླ་བོ་རེད་དེ་ཞོགས་པའི་རྩམ་པ་མ་རྩིས་ན། ཉིན་རེར་ཞོ་ཁོག་དང་ལྷན་དུ་ལྟོ་ཐེངས་གཉིས་རེ་ཡོད། ཡིན་ན་ཡང་ཁྱིམ་གྱི་ཆེས་མཐོ་ས་དང༌། དཀར་འོད་ཆེ་ས་དེར་དྲི་མ་མེད་པའི་ཁ་བཏགས་དཀར་པོ་རིང་པོ་ཞིག་དང་མཉམ་དུ་ཁྱེད་ཀྱིས་སྐུ་འདྲ་ཞིག་བཀལ་འདུག

རྗེས་སུ་ངས་བོད་དུ་ལས་ཀ་བྱེད་རྒྱུ་བདམས་པ་ཡིན། རྩོམ་སྒྲིག་པ་དང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ང་རང་གུང་ཁྲན་ཏང་ནང་དུ་ལས་ཀ་བྱེད་བཞིན་པའི་བོད་མི་ཁ་ཤས་དང་འབྲེལ་འདྲིས་ཡོད་ལ། བོད་མི་ཁ་ཤས་ཀྱི་སར་ཧ་ཅང་གསང་བའི་ངང་ཉར་ཡོད་པའི་ཉིད་ཀྱི་སྐུ་པར་དང༌། ནམ་ཡང་གཟིམ་པ་མེད་པའི་མཆོད་མེ་སོགས་ང་རང་གི་མིག་གིས་དངོས་སུ་མཐོང་མྱོང༌། བདེན་ཏེ། ཁྱེད་ནི་བོད་མི་ཚོའི་དགྲ་བོ་མ་ཡིན་པར་བོད་མི་ཚོའི་ཨ་ཕ་སྟེ་བདེ་སྐྱིད་དང་དད་དུང་གི་གཞི་མ་ཡིན། ཁྱེད་ནི་བོད་མི་ཚོའི་སྙིང་གི་རེ་སྨོན་བྱེད་ས་སྟེ་ཡིད་བཞིན་ནོར་བུ་རེད། ཁྱེད་ནི་བོད་མི་ཚོས་ནམ་འབོད་དུས་མདུན་དུ་གཞུགས་པའི་སྐུ་མདུན་ཡིན། ཁྱེད་ནི་རྒྱལ་རྒྱུད་སུ་ལས་མཐོ་ལ་རིན་ཆེན་གང་ལས་མཆོག་པའི་བོད་མིའི་སེམས་ནང་གི་རྒྱལ་བ་རིན་པོ་ཆེ་རེད།  རྒྱ་ནག་གུང་ཁྲན་ཏང་གིས་བོད་ཡུལ་བཅིངས་འགྲོལ་བཏང་བ་མ་ཡིན་པར། བོད་ཡུལ་ཧམ་འཕྲོག་བྱས་འདུག ཁོ་ཚོས་བདེ་སྐྱིད་སྤྲོད་པ་མ་ཡིན་པར་སྡུག་བསྔལ་བསྐྲུན་འདུག

ཨ་རིའི་ཝེ་སི་ཁོ་སིན་གྱི་མེ་དི་སོན་དུ་ཁྱེད་ཀྱི་གསུངས་ཆོས་ལ་ཉན་རྗེས། ང་རང་སེམས་གཏིང་ནས་ཡིད་འགུལ་ཐེབས་སོང༌། ཉིད་ཀྱི་ཐུགས་བསྐྱེད་ལས་བྱུང་བའི་ཟབ་ཡངས་རྒྱ་མཚོ་ལྟ་བུའི་ཆོས་གཞུང་དེ་ངོ་མཚར་དང་རྨད་བྱུང་གི་ལམ་ནས་བྱམས་བརྩེ་དང་སྙིང་རྗེ་ཡིས་ཆོས་ཞུ་བར་གསུངས་པ་དང༌། མི་རེ་རེའི་དྲི་བར་བཀའ་ལན་དང༌། མི་རེ་རེ་ཡི་སྡུག་བསྔལ་དང་དཀའ་ངལ་གྱི་གནད་དོན་རེ་རེ་གྲོལ་བ། ལྷག་པར་དུ་མི་ཚོས་ཉིད་ལ་བོད་རྒྱའི་བར་གྱི་གནད་དོན་ཐད་དྲི་བ་འདྲི་སྐབས། ཉིད་ཀྱིས་དུས་ནམ་ཡང་རྒྱ་ནག་གི་བཟང་ཕྱོགས་ཀྱི་ངོ་གདོང་ངོ་སྤྲོད་བྱེད་ཅི་ཐུབ་བྱེད་ཅིང༌།  བོད་རྒྱ་མི་རིགས་བར་གྱི་མཛའ་འབྲེལ་ལ་རེ་སྐུལ་ཞུ་བ་མ་ཟད། རྒྱ་ནག་གི་གདུག་རྩུབ་དང༌། ལྐོག་གཡོ། སྒེར་གཅོད་སོགས་བྱམས་བརྩེ་དང༌། དམངས་གཙོ་སོགས་ཀྱིས་ཡོ་བསྲང་བྱེད་ཀྱིན་ཡོད།

ལོ་ངོ་ ༥༠ ལྷག་གི་རྒྱ་ནག་གིགདུག་རྩུབ་ལ་བཟོད་སྒོམ་བྱས་མྱོང་བའི་བོད་མི་ཚོས་ད་ལོའི་སྤྱི་ཟླ་ ༣ པའི་ནང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཁུལ་ ༡༠༠ ལྷག་ནས་ཞི་བའི་ངོ་རྒོལ་བྱས་ཡོད་མོད། ཡིན་ན་ཡང་རྒྱ་ནག་གི་དཔོན་རིགས་ཚོས་དངོས་ཡོད་གནས་ཚུལ་དང༌། བདེན་པ་རྒྱབ་དུ་བསྐྱུར་ནས་ད་དུང་རྒྱབ་སྐྱོར་མེད་པ་བཞི་ཡི་བཀའ་བརྒྱ་བཏང་སྟེ། བློ་དཀར་བའི་བོད་པའི་སྐུ་ཚབ་ངོས་ཀྱི་འབྲེལ་མོལ་དེ་ཡང་ཁྱེད་ཉིད་སྒེར་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཡོད། ད་ལྟའི་གནས་སྐབས་ལ་བོད་ཡུལ་ནི་བཙོན་རྭ་ཆེན་མོ་ཞིག་ཏུ་གྱུར་ཡོད་ལ། ལྷ་སར་མཚོན་ན་མི་གསུམ་ཡོད་ཚེ་གཅིག་ནི་གསང་ཉུལ་བ་ཡིན་པ་དང༌། དེ་ལས་ཀྱང་གསང་ཉུལ་བ་ཚོ་ལྷ་སའི་ཐག་ཉེ་ཡི་གྲོང་ཚོའི་ནང་དུ་སོང་སྟེ་ཁ་པར་བརྒྱུད་ནས་སྐད་ཆ་བཤད་པ་སྒྲ་ལེན་བྱེད་བཞིན་པ་དང༌། དམིགས་བསལ་གྱིས་ཕྱི་རྒྱལ་ནས་ཡོང་བའི་ཁ་པར་ལ་དོ་དམ་བྱེད་བཞིན་པ་སོགས་བོད་མི་ཚོས་གནོན་ཤུགས་དང་སུན་གཙེར་གྱི་དཀའ་ངལ་མྱོང་བཞིན་ཡོད།

བོད་མིའི་རིག་གནས་ཤུལ་བཞག་འདི་དེང་གི་དུས་རབས་ཁྲོད་དུ་ཡང་བོད་མི་ཚོའི་ལུས་ཐོག་ན་བྱམས་བརྩེ་དང༌། སྙིང་རྗེ། བསམ་ཤེས། ཡ་རབས། བརྩི་བཀུར་སོགས་མཐོང་ཐུབ། ཡིན་ན་ཡང་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ཀྲུང་གོའི་རིག་གནས་ཀྱིས་རྒྱ་མི་རིགས་ལ་ཅི་ཞིག་ཤུལ་དུ་བཞག་ཡོད་དམ། དེ་ནི་རིག་གནས་ཀྱི་དོན་སྙིང་གཅིག་པུ་ཟེར་བ་ཡང་མ་ཡིན་མོད། དེ་ལས་ལྷག་པའི་རྒྱ་ནག་གིས་སྲིད་དབང་གི་སྟོབས་ཤུགས་དང་སྒེར་གཅོད་བེད་སྤྱད་ནས་བོད་རིགས་ལྟ་བུའི་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག་གི་རིག་གནས་ཤིག་སྦེལ་གྱིན་འདུག དུས་རབས་ ༢༡ འདིའི་ནང་དུ་མིའི་རིགས་ཀྱིས་རྒྱལ་ཁབ་ཀྱི་མངའ་ཐང་གི་ཆེད་དུ་ཐུན་མོང་གི་ཐོག་ནས་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང༌། གྲངས་ཉུང་མི་རིགས་ཀྱི་ཁྱད་འཕགས་རིག་གནས་ལ་བརྩི་བཀུར་སོགས་བྱེད་བཞིན་པའི་སྐབས། གདུག་རྩུབ་དང་ཁྲག་དྲི་བྲོ་བའི་གནད་དོན་འདི་འདྲ་རྒྱལ་སྤྱིའི་མི་དམངས་ཀྱིས་ངོས་ལེན་བྱེད་ཐབས་བྲལ་བ་ཞིག་རེད།  རྒྱ་ནག་སྐམ་ས་ཆེན་མོའི་ནང་དུ་ཡང༌། ཉིན་རེ་ནས་ཇེ་མང་འགྲོ་བཞིན་པའི་རྒྱ་རིགས་ཤེས་ཡོན་པ་ཚོས་ཁྱེད་ལ་ཁ་བྲལ་རིང་ལུགས་ཀྱི་ཉེས་མིང་འགེལ་རྒྱུ་མཚམས་བཞག་སྟེ་བརྩི་བཀུར་དང༌། གུ་ཡངས། མཛའ་མཐུན་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་ཐག་གཅོད་དགོས་པ་རྒྱ་ནག་གཞུང་ལ་བསམ་འཆར་འདོན་བཞིན་ཡོད།

ལོ་ངོ་ ༣༠ ལྷག་གི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ཁྲོད་དུ། རྒྱ་ནག་ལ་རྒྱལ་སྤྱིའི་སྒང་གི་སྔོན་ཐོན་གྱི་མིང་བྱང་ཞིག་ཐོབ་ཡོད་ལ། དེ་ནི་འཛམ་གླིང་སྤྱིའི་ཁ་ཕྱོགས་དང་མཐུན་པའི་དཔལ་འབྱོར་ལམ་ལུགས་ཀྱིས་རྒྱ་ནག་ཡར་རྒྱས་ཀྱི་རྒྱལ་ཁབ་ལ་བརྩི་ཡང༌། དངོས་ཐོག་བདེན་འཚོལ་བྱེད་ན། གྲོང་གསེབ་ཁག་གི་འཚོ་བ་སྐྱོ་བོ་དེ་དག་ཀྱང་རྒྱ་ནག་གི་འཁྱོག་བརྗོད་ཀྱིས་ཡོངས་སུ་སྒྲིབ་ཡོད། གནས་སྟངས་འདིའི་འོག་ནས། རྒྱ་ནག་གིས་ཨོ་ལིམ་པིག་རྩེད་འགྲན་འཚོགས་པ་དང༌། རྩེད་འགྲན་དེ་དང་མཉམ་དུ་རྒྱལ་སྤྱིའི་མིག་ལམ་དུ་སྣ་མང་མེ་ཏོག་གིས་བརྒྱན་ལ། སྟོབས་འབྱོར་མངའ་ཐང་རྒྱས་པའི་རྒྱ་ནག་ཞིག་གསར་གཞེངས་བྱས་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གི་སྲིད་བྱུས་ནོར་འཁྲུལ་ཅན་འདིས་རྒྱ་རིགས་མི་མང་ལ་དངོས་དོན་ཡིན་པ་ལྟ་བུའི་འཁྲུལ་སྣང་སྦྱིན་ཡོད། གལ་ཏེ་རྒྱ་ནག་གི་དཔོན་རིགས་ཚོས་མུ་མཐུད་ནས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འདིའི་འོག་ནས་བོད་ཀྱི་གནད་དོན་ཐག་གཅོད་མི་བྱེད་པར། བོད་རིགས་མི་མང་ལ་གདུག་རྩུབ་ཀྱིས་དྲག་གནོན་བྱེད་པ་དང༌། རྒྱ་ནག་གི་མི་སེར་དཀྱུས་མ་ཚོར་མུ་མཐུད་ནས་མགོ་བསྐོར་དང་གཡོན་ཐལ་ཆེ་བའི་ཆབ་སྲིད་སློབ་གསོ་སྤེལ་བ། འཛམ་གླིང་ཞི་བདེ་ཡི་རིན་ཐང་སོགས་རྡོག་རོལ་གཏོང་བ། མིའི་རིགས་ཀྱི་བསམ་བློའི་རང་དབང་འཕྲོག་པ་སོགས་བྱས་ཏེ་ཡོད་ཚད་མེ་མདའ་དང་དབང་ཤུགས་ཀྱིས་ཐག་གཅོད་བྱེད་འདོད་ན། མི་འགོར་བར་འདི་ལྟ་བུའི་ཆབ་སྲིད་ལམ་ལུགས་མཇུག་བསྡུ་ངེས་རེད། དེ་དུས་ཁྱེད་ཉིད་རང་གི་ཕ་ཡུལ་བོད་ལྗོངས་སུ་ངེས་པར་དུ་ཕེབས་ཐུབ་ངེས་ལ། དཀའ་སྡུག་གི་ལོ་ཟླའི་བར་ནས་ཁྱེད་ལ་རེ་སྒུག་བྱེད་ཀྱིན་པའི་བོད་རིགས་མི་མང་དང་ལྷན་འཛོམས་འབྱུང་ངེས།  སྐབས་དེར་ཁྱེད་ཀྱི་སྙིང་རྗེ་ཡི་འོད་ཟེར་འདི་མུན་ནག་དང་གདུག་རྩུབ་ཀྱིས་བཀབ་པའི་རྒྱ་ནག་རྒྱལ་ཡོངས་ལ་འཕྲོ་བའི་རེ་བ་ཞུ།

ཁྱེད་ཀྱི་བྱམས་བརྩེ་ཡི་གཡོར་གྲུ་ཆེན་མོ་མིའི་རིགས་ཀྱི་གླིང་ལ་ནམ་ཡང་བདག་པར་སྨོན།

བོད་མི་རིགས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་ཞིག་དང༌། ཁྱེད་ལ་བླ་ན་མེད་པའི་བརྩི་བཀུར་བྱེད་མཁན་གྱི་རྒྱ་རིགས་ཀྲུའུ་རིའུ་ནས་ཕུལ།

ཚེ་རིང་སྐྱིད་ཀྱིས་བསྒྱུར།

བསྐྱར་བཅོས།: ༢༠༠༨/༠༨/༢༦

Leave a Reply