ཨང་སན་སུ་སྐྱིད་ངོ་མ་ཟས་བཅད་ངོ་རྒོལ་ལ་བཞུཌ་ཡོད་དམ།

འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་སྐྱིད་ཀྱིས་བདུན་ཕྲག་སྔོན་མའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་པར་མཇལ་འཕྲད་གནང་མེད་ལ། ཉིན་འདི་དག་གི་རིང་ཁོང་མོས་ཟས་བཅད་ངོ་རྒོལ་གནང་གི་ཡོད་ཚུལ་འདུག

ཁུངས་འཕེར་མིན་པའི་གནས་ཚུལ་ལྟར་ན། ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུ་སྐྱིད་ཀྱིས་ཁོང་གི་ཚོགས་པའི་ལས་འགུལ་བ་དག་གིས་བདུན་རེའི་ཟ་འབྲུ་སྐྱེལ་བཞིན་པ་དག་མཚམས་འཇོག་བྱེད་དུ་བཅུག་ཡོད་པ་དང་། ཁོང་ཉིད་ཕལ་ཆེར་ཟས་བཅད་ངོ་རྒོལ་ལ་བཞུགས་ཡོད་པའི་སེམས་ཁྲལ་ཞིག་གང་སར་ཁྱབ་ཡོད་འདུག བདུན་ཕྲག་སྔོན་མ་ནས་ལྕམ་ཨང་སན་སུ་སྐྱིད་ལགས་ཀྱིས་ཁོང་མོར་ཟ་འབྲུ་སྐྱེལ་མི་དགོས་པའི་བཀའ་བཏང་ཡོད་ཚུལ་འདུག

ཟླ་འདིའི་ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ Ibrahim Gambari ཡིས་ཨང་སན་སུ་སྐྱིད་ཀྱི་བཞུགས་ཤག་གི་ཕྱི་ནས་སྒུག་ཡོད་ཀྱང་། ཨང་སན་སུ་སྐྱིད་ལགས་ཀྱིས་མཇལ་འཕྲད་དང་ལེན་བྱས་ཡོད་མི་འདུག དེ་བཞིན་ཚེས་ ༢༢ ཉིན་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་ཚོས་ཁོ་མོའི་བཞུགས་ཤག་གི་ཕྱི་ནས་བསྒུག་ཀྱང་མཇལ་འཕྲད་གནང་ཡོད་མི་འདུག བཤད་ཚུལ་ལྟར་ན། ཨང་སན་སུ་སྐྱིད་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱིས་འབར་མའི་འདུམ་འགྲིག་གི་ལས་དོན་སྒྲུབ་སྟངས་ཐད་བློ་ཕམ་གནང་གི་ཡོད་འདུག་ཟེར་ལ། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་དམའ་རིམ་གྱི་བློན་པོ་དང་ལས་བྱེད་རྣམས་ལ་ཐུག་པ་མ་གཏོགས། འབར་མའི་དམག་སྤྱི་ཆེན་མོ་དག་ལ་ཐུག་འཕྲད་བྱེད་ཀྱི་མེད་སྟབས། ལྕམ་ཨང་སན་སུ་སྐྱིད་ལགས་ཀྱིས་གལ་སྲིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དེ་མཐོ་རིམ་དམག་སྤྱི་རྣམས་ལ་ཐུག་འཕྲད་མ་བྱས་ཚེ། ཁོང་ཉིད་ནས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལ་ཐུག་འཕྲད་གནང་གི་མིན་ཚུལ་བརྗོད་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་བོད་མི་རྣམས་ཀྱིས་དུས་ཚོད་ ༡༢ རིང་ཟས་བཅད་གནང་གི་ཡོད་ལ། འདི་ནི་གལ་ཆེན་གྱི་ལས་འགུལ་ཞིག་ཡིན་ཚུལ་བཀའ་ཁྲི་མཆོག་སྒེར་ནས་ཀྱང་བོད་མི་དང་བོད་ཀྱི་གྲོགས་པོ་ཚང་མར་ཞུ་སྐུལ་གནང་ཡོད་པ་དང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉིན་དེར་ ༧གོང་ས་མཆོག་ཉིན་གཅིག་རིང་གི་ཟས་བཅད་ལས་འགུལ་འདིའི་ཚོགས་མགོན་ལ་ཕེབས་ཀྱི་ཡོད་པ་རེད།

ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་རྗེས་ཀྱང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་༧གོང་ས་མཆོག་ལ་རང་བཙན་གྱི་ལས་འགུལ་མཚམས་འཇོག་དགོས་སྐོར་གསར་ལམ་ཁག་ལ་བརྗོད་ཡོད་པ་རེད། བོད་དོན་ཉམས་ཞིབ་པ་དག་གིས་ད་ནི་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་འཐབ་ཕྱོགས་གཅིག་གྱུར་གཉིས་བར་གྱི་འབྲེལ་མོལ་གྱི་རིམ་པ་འདི་མཚམས་བཞག་སྟེ། རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱི་སུ་རུང་ས་༧གོང་ས་མཆོག་མཉམ་དུ་ཐད་ཀའི་བཀའ་མོལ་གནང་དགོས་སྐོར་བཤད་ཀྱི་ཡོད་ལ། རྒྱ་ནག་གིས་མ་འོངས་པར་འབྲེལ་མོལ་འདི་མུ་མཐུད་དུ་མཇུག་སྐྱོང་དགོས་ན་ལམ་ཁ་ཡག་ཤོས་ནི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་ཚོའི་མཉམ་དུ་སྐད་ཆ་བཤད་དགོས་སྐོར་གཞུང་འབྲེལ་གསར་ལམ་དུ་བཀྲམས་ཡོད་པ་རེད།

༧གོང་ས་མཆོག་གིས་ཨང་སན་སུ་སྐྱིད་ལགས་ནི་ཁོང་གི་གཅེན་མོ་ལྟ་བུ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply