བལ་ཡུལ་སྲིད་བློན། དམར་ཤོག་ཚོགས་གཙོ་རེད།

བལ་ཡུལ་དམར་ཤོག་ཚོགས་པར་གཞུང་འཛིན་གྱི་རྒྱལ་ཁ་ཐོབ་ཅིང༌། བལ་ཡུལ་མི་དམངས་ལ་རྒྱ་ནག་དཔལ་འབྱོར་གྱི་ར་བཟི་བའི་སྐབས་འདིར། རྒྱ་གཞུང་གི་འདྲེ་ལག་བལ་ཡུལ་ནང་བརྐྱངས་ཏེ་བལ་ཡུལ་ནང་སྲིད་ལ་ཐེ་ཇུས་དང༌། རྒྱ་གཞུང་དང་བལ་གཞུང་མཉམ་སྒྲིལ་གྱིས་སྐྱབས་བཅོལ་བོད་མིར་སྟངས་འཛིན་བྱ་མགོ་བརྩམས་འདུག

ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཏང་གི་གསར་འགྱུར་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་གདན་ཞུ་ལྟར་བལ་ཡུལ་གྱི་སྲིད་བློན་གསར་བ་བྷར་ཆན་ཊ་པེ་ཅིན་ཨོ་རྩེད་འགྲན་ཚོགས་ཀྱི་མཇུག་སྡོམ་མཛད་སྒོར་ཕེབས་ཡོད་ལ། ཕྱི་ཚེས་ ༢༣ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བྱམས་པ་ཕུན་ཚོགས་གནམ་ཐང་དུ་བསྐྱོད་དེ། བྷར་ཆན་ཊ་བལ་གཞུང་གསར་བའི་སྲིད་བློན་དུ་བཞུགས་པར་རྟེན་འབྲེལ་ཞུས་ཤིང༌། རྒྱལ་ཡོངས་མི་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག ད་ལྟ་བོད་ཡུལ་ལོ་རྒྱུས་ཐོག་འཕེལ་རྒྱས་དང༌། བརྟན་བརླིང་ཡག་ཤོས་ཀྱི་དུས་སུ་སླེབས་ཡོད་ཚུལ་བརྗོད་འདུག བྱམས་པ་ཕུན་ཚོགས་ཀྱིས་བརྗོད་དོན། ཕྱི་ནང་གི་བོད་རང་བཙན་པས་ཕན་ཚུན་ངན་འབྲེལ་བྱས་ཏེ། སྒྲིག་འཛུགས་ཡོད་པ་དང༌། ལྐོག་གཡོ་ཡོད་པ། འཐུས་སྒོ་ཚགས་ཚུད་བྱས་ཏེ། རྡུང་གཅོག་འཕྲོག་བསྲེགས་དྲག་པོའི་ཁྲིམས་འགལ་གྱི་དོན་རྐྱེན་བཟོས་པ་ཁྲིམས་ལྟར་ཞོལ་འཇགས་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ཡོད། བོད་ནི་ཀྲུང་གོའི་མངའ་ཁོངས་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། གསུམ་གཅིག་བཞིའི་དོན་རྐྱེན་ནི། མི་རིགས་དང་ཆོས་ལུགས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་མིན་པར། དེ་ནི་ཁ་བྲལ་དང་ཁ་བྲལ་བར་ངོ་རྒོལ་བྱས་པའི་གནད་དོན་ཞིག་རེད། ཅེས་དང༌། བལ་ཡུལ་དང་ཀྲུང་གོ་གཉིས་ལ་ལོ་ངོ་སྟོང་ཕྲག་གི་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་ལ། ཁྱིམ་མཚེས་དང་གྲོགས་པོ་ཡག་པོ་ཞིག་ཡིན། བལ་ཡུལ་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། བོད་རང་བཙན་པས་བལ་ཡུལ་གྱི་ས་ཆ་བེད་སྤྱད་དེ། ཀྲུང་གོར་ངོ་རྒོལ་བྱས་པ་བཀག་འགོག་བྱས་པར་བསྔགས་བརྗོད་དང༌། བོད་ཀྱི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞེས་བརྗོད་ཡོད།

སྐབས་དེར་བལ་ཡུལ་སྲིད་བློན་བྷར་ཆན་ཊ་ཡིས་བརྗོད་དོན། ཉེ་དུས་བལ་ཡུལ་གྱི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་བྱུང་བ་དང༌། མཉམ་འབྲེལ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དེ་བལ་ཡུལ་ལ་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། ཅེས་དང༌། བོད་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས། བལ་ཡུལ་སྲིད་གཞུང་གིས་བལ་ཡུལ་མངའ་ཁོངས་ནས་ཀྲུང་གོར་ངོ་རྒོལ་དང༌། ཁ་བྲལ་བྱེད་སྒོ་སྤེལ་བ་བཀག་འགོག་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་དང་རྒྱལ་ཁབ་བརྟན་ལྷིང་ལ་ཤུགས་སྣོན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
བྷར་ཆན་ཊ་ནི་བལ་ཡུལ་ནང་ཆབ་སྲིད་ཚོགས་པ་བརྒྱད་ཡོད་པ་ལས། སྔར་ནས་བལ་ཡུལ་གྱི་མའོ་དམར་ཤོག་ཚོགས་པའི་ཚོགས་གཙོ་ཡིན་ཞིང༌། ཉེ་ཆར་བལ་ཡུལ་དམངས་གཙོ་སྤྱི་མཐུན་ཚོགས་པའི་སྲིད་བློན་གྱི་གོ་གནས་ཐོབ་ཡོད། ད་བར་བལ་ཡུལ་གྱི་བློན་ཆེན་ལྷན་ཚོགས་གོ་སྒྲིག་བྱེད་ཐུབ་མེད་ཀྱང༌། ཕྱི་ཚེས་ ༢༡ ཉིན་བལ་ཡུལ་མའོ་དམར་ཤོག་ཚོགས་པ་དང༌། མར་ཁེ་སི་ཚོགས་པ་གཉིས་ཀྱི་རྒྱུན་ལས་འཚོགས་ཏེ། ནང་སྲིད་དང་དཔལ་འབྱོར། ནགས་ཚལ། བུད་མེད་དང་བྱིས་པའི་ལས་དོན་ཆབ་སྲིད་ཚོགས་པ་ཁག་གི་ལག་ཏུ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་འདུག

བལ་གཞུང་སྔར་ནས་རྒྱ་ནག་གི་དཔལ་འབྱོར་དང༌། ཆབ་སྲིད་གནོན་ཤུགས་འོག་ཚུད་ཡོད༌། ལྷག་པར་དུ་མའོ་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་རྗེས། རྒྱ་ནག་གིས་བལ་ཡུལ་ནང་ལག་པ་བསྲིང་རྒྱུར་སྟབས་བདེ་ཆགས་ཡོད། རྒྱ་གཞུང་དང་བལ་གཞུང་མཉམ་འབྲེལ་ཡིན་པའི་བདེན་རྟགས། ཉེ་ཆར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས། བོད་འབྲེལ་གནད་དོན་ཐད་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དགོས་ངེས་དང༌། དྲང་བདེན་གྱི་བྱེད་ཐབས་སྤྱད་པར་བསྔགས་བརྗོད་བྱ་རྒྱུ་ཡིན། བོད་རང་བཙན་པ་འགའ་རེ་ཡིས་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་འབྲེལ་འོག བལ་ཡུལ་དང་མཐའ་འཁོར་རྒྱལ་ཁབ་ཁག་ཏུ་གཏུམ་སྤྱོད་དང༌། འཇིགས་སྐུལ་བྱ་ཐབས་རྒྱུན་ཆད་མེད་པར་སྤེལ་ཏེ། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་དང༌། བོད་དེ་ཀྲུང་གོའི་མངའ་ཁོངས་ནས་ཁ་བྲལ་གཏོང་བའི་རེ་ངན་བཅངས་ཡོད། བལ་ཡུལ་ནི་ཀྲུང་གོའི་མཛའ་གྲོགས་ཁྱིམ་མཚེས་ཤིག་ཡིན་སྟབས། བོད་འབྲེལ་གནད་དོན་ཐོག་ཁོང་ཚོའི་མངའ་ཁོངས་ནས། ཀྲུང་གོའི་ཁེ་ཕན་ལ་གནོད་པའི་བྱ་བ་བྱུང་དུ་བཅུག་མེད་པར་ཡི་རངས་ཡོད་ཅེས་བརྗོད་ཡོད།

ད་ལོའི་གསུམ་བཅུའི་དུས་དྲན་རྗེས་ནས་བལ་ཡུལ་ཉེན་རྟོག་པས་ཐེངས་ ༡༠༠ ལྷག་ལ། བོད་མི་ལས་འགུལ་བ་བཙོན་འཇུག་དང་རྡུང་རྡེག་མི་སྤྱོད་ལས་འདས་པ་བྱས་ཤིང། ༧གོང་ས་མཆོག་གི་སྐུ་པར་ཡང་མེར་བསྲེགས་བཏང་ཡོད། བོད་མིའི་སྟེང་ལག་བསྟར་བྱེད་བཞིན་པའི་རྒྱ་གཞུང་དང་བལ་གཞུང་གཅིག་མཚུངས་ཀྱི་བྱེད་སྤྱོད་འདིར། བོད་མི་རྣམས་བློ་ཕམ་ཆེན་པོ་བྱུང་ཡོད་ལ། ཉེ་ཆར་བལ་ཡུལ་ནང་པའི་མཐུན་ཚོགས་ནས་ཀྱང་བལ་གཞུང་ལ་ངོ་རྒོལ་བྱས་ཡོད། དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང༌། རྒྱལ་ཁབ་མང་པོའི་ཕྱི་སྲིད་ལྷན་ཁང་ནས་ཀྱང་བལ་གཞུང་ལ་ཉེན་བརྡ་དང་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply