ཐེངས་སྔོན་མ་དག་དང་ལྷག་པར་དུ་ཉེ་བའི་ཆར་བོད་རྒྱ་གཉིས་ཀྱི་སྐུ་ཚབ་ཐུག་འཕྲད་སྐབས། རྒྱ་ནག་གིས་བཤད་བསྡད་པའི་སྐད་ཆ་དེ་དག རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཞི་འཇམ་ངང་ལམ་ལྷོང་ཡོང་ཆེད་ལག་པ་འཆིང་ས་ལྟ་བུར་བེད་སྤྱོད་བྱས་ཡོད། སྤྱི་ཟླ་བཅུ་བའི་ནང་གི་གྲོས་མོལ་དེར་ཧ་ཅང་གི་གཟབ་ནན་དང་གྲ་སྒྲིག་ཡག་པོ་བྱེད་དགོས། དེ་ཧ་ཅང་གལ་ཆེན་དང་གནད་འགག་ཆགས་ཡོད་ཟེར།
ཕྱི་ཚེས་ ༨ ཉིན་གྱི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་དུས་དྲུག་པའི་སྟེང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཅིག་བཅས་ཆེད་བཅར་གནང་ཡོད་པ་དང༌། དབྱིན་ཇིའི་གྲོས་ཚོགས་འཐུས་མི་གསུམ་ནི། ༡༩༩༧ ལོར་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བའི་དབྱིན་ཇིའི་བོད་དོན་ཚོགས་པའི་ཚོགས་གཙོ། དེ་བཞིན་དབྱིན་ཇིའི་གྲོས་ཚོགས་ནང་ལོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་བཅས་ཀྱི་ལས་འགན་བཞེས་བཞིན་པའི་སྐུ་ཞབས་བང་བྷེ་ཀ་དང༌། སྤྱི་ལོ་ ༡༩༩༧ ལོར་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བའི་ཌེམ་ལོ་ཊོན། ༡༩༩༧ ལོར་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་ཡོད་པའི་རྗོ་ལེ་མའོ་བྷན་གསུམ་ཡིན་ལ། སྐབས་དེར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་ཁོང་རྣམ་པར་དགའ་བསུ་ཞུས་ཡོད་ལ། ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱི་ངོ་སྤྲོད་གནང་དོན། སྔར་ལོ་ནས་ང་ཚོའི་གྲོས་ཚོགས་འདི་རྒྱལ་སྤྱིའི་ནང་འབྲེལ་བ་ཤུགས་ཆེ་རུ་གཏོང་ཆེད། ང་ཚོའི་གྲོས་ཚོགས་འཐུས་མི་རྣམས་ཕྱི་རྒྱལ་གྲོས་ཚོགས་ཁག་ཏུ་ཕེབས་རྒྱུ་དང༌། ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་ཚུར་ང་ཚོའི་གྲོས་ཚོགས་ནང་གདན་འདྲེན་ཞུ་རྒྱུའི་ལས་རིམ་ཞིག་སྒྲིག་ཡོད། དེར་བརྟེན། དབྱིན་ཇིའི་གྲོས་ཚོགས་ནང༌། ལོ་ལྟར་ང་ཚོའི་གྲོས་ཚོགས་འཐུས་མི་དབྱིན་ཇིའི་གྲོས་ཚོགས་ནང་ཕེབས་རྒྱུ་དང༌། དབྱིན་ཇིའི་གྲོས་ཚོགས་འཐུས་མི་བོད་པའི་གྲོས་ཚོགས་ནང་ཕེབས་ཏེ་བོད་དོན་ལ་བཀའ་བསྡུར་གནང་རྒྱུ་ཞིག་གཏན་འཁེལ་ཡོད་པ་རེད། ཐེངས་འདིར་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་འདིར་ཕེབས་ཡོད། ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་དང་རྒྱུན་རིང་པོར་ཕྱག་ལས་གནང་ཡོད་པ་དེ་འདྲ་རེད། ལྷག་པར་དུ་སྐུ་ཞབས་བང་བྷེ་ཀ་ཡིས་དུས་ཡུན་རིང་པོར་བོད་དོན་ཐོག་རྒྱབ་སྐྱོར་དང་ཐུགས་འཁུར་ཆེན་པོ་བཞེས་ཡོད་ལ། སྔར་ལོ་ཡང་ང་ཚོའི་གྲོས་ཚོགས་ནང་གཟིགས་སྐོར་དུ་ཕེབས་མྱོང༌། ཁོ་རང་ཚོའི་ཚོགས་པའི་ནང་མ་འོངས་པའི་སྲིད་འཛིན་འོས་མི་ཚོད་འདེམས་བྱེད་སྲོལ་ཡོད་པ་བཞིན། སྐུ་ཞབས་བང་བྷེ་ཀ་ཁོང་ཚོའི་ཚོགས་པའི་ནང་གི་སྲིད་འཛིན་ཚོད་འདེམས་འོས་མི་རེད་ཅེས་གསུངས་སོང༌། ཚོགས་འདུའི་བར་གསེང་དང་བསྟུན་ནས་གསར་འགོད་པ་ཁག་ཅིག་གིས་ཁོང་ལ་བོད་པའི་གྲོས་ཚོགས་ནག་གཟིགས་སྐོར་དུ་ཕེབས་ཏེ་མཐོང་ཚུལ་གང་འདྲ་བྱུང་ཡོད་པ་དང༌། འགྲོ་བཞིན་པའི་བོད་རྒྱའི་འབྲེལ་མོལ་ཐད་ལྟ་སྟངས་གང་འདྲ་ཡོད་མེད། དེ་བཞིན་དབྱིན་ཇི་གཞུང་དང་གྲོས་ཚོགས་ངོས་ནས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་རྟོགས་ཞིབ་པ་ཆེད་གཏོང་གནང་ཐབས་ཡོད་མེད་སོགས་བཅར་འདྲི་ཞུས་པའི་ལན་དུ་ཁོང་གིས།
ཐེངས་འདིར་ང་རང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཡོང་བ་ཐེངས་གཉིས་པ་ཡིན། བོད་པ་བཙན་བྱོལ་གྱི་ངོ་བོར་གནས་ཡོད་ནའང་གནས་སྟངས་དགའ་སྤོབས་སྐྱེ་དགོས་པ་ཞིག་རེད། ཐེངས་འདིར་ང་རང་ཧ་ཅང་དགའ་བོ་བྱུང་སོང༌། བོད་རྒྱ་ཁོངས་ཡིན་པ་ངོས་ལེན་བྱེད་ཀྱིན་མེད་པའི་རྒྱལ་ཁབ་ཉུང་ཤས་ཡོད་པ་ལས་ང་ཚོ་དབྱིན་ཇི་དེའི་ནང་གི་གཅིག་རེད། ད་ལོ་བོད་ནང་ཛ་དྲག་གི་གནས་སྟངས་བྱུང་རྗེས། དབྱིན་ཇིའི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ཡོད་ལ། དབྱིན་ཇིའི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་ཤུགས་ཆེན་བྱུང་ཡོད། ང་རང་གི་ཚོགས་པ་དང་ང་རང་སྒེར་གྱི་ངོས་ནས་ཀྱང༌། གྲོས་ཚོགས་ནང་བོད་ཀྱི་གནད་དོན་རྒྱ་ནག་གཞུང་མཉམ་དུ་སྐད་ཆ་བཤད་དགོས་པ་དང༌། ལྷག་པར་དུ་བོད་ནང་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་བཞག་སྟེ། བོད་ནང་གི་གནས་སྟངས་ཕྱོགས་ཡོངས་ནས་ཡར་རྒྱས་སུ་གཏོང་དགོས་ཐད་བཀའ་བསྡུར་རིམ་པར་བྱས་ཡོད། ཐེངས་འདིར་ང་ཚོའི་འཐུས་མི་གསུམ་འདིར་ཡོང་དོན་ཡང་ད་ལྟའི་བོད་ནང་གི་གནས་སྟངས་གང་འདྲ་ཡོད་མེད་དང༌། ལྷག་པར་དུ་ཉེ་བའི་ཆར་གནས་ཚུལ་གསར་བ་གང་འདྲ་བྱུང་ཡོད་སོགས་བསྡུ་རུབ་བྱས་ཏེ། བོད་དོན་ཐོག་མུ་མཐུད་ལས་འཆར་མང་པོ་ཞིག་གྲ་སྒྲིག་བྱ་རྒྱུའི་འཆར་གཞི་ཡོད། བོད་ནང་འདི་འདྲའི་གནས་སྟངས་ཛ་དྲག་སྐབས་ལ་ཞིབ་འཇུག་བྱེད་མཁན་སུ་ཡིན་རུང༌། དངོས་སུ་བོད་ནང་དུ་སྐྱོད་དེ་གྲོང་ཁྱེར་དང་མི་དམངས་འདུས་སྡོད་ཀྱི་ས་ཁུལ་གཅིག་པུ་མ་ཡིན་པར། དགོན་སྡེ་དང་གྲོང་གསེབ་ཁག་ཏུ་སྐྱོད་དེ་དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱ་རྒྱུ་གལ་ཆེ། དེ་ལ་དབྱིན་ཇིའི་གཞུང་དང་གྲོས་ཚོགས་ངོས་ནས་རྟོགས་ཞིབ་ཚོགས་པ་གཏོང་རྒྱུ་གལ་ཆེན་རེད་དེ། དེ་ལས་གལ་ཆེ་བ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། རྒྱལ་སྤྱི་རང་བཞིན་གྱི་ཆེད་ལས་རྟོགས་ཞིབ་པ་དེ་འདྲ་བོད་ནང་སྐྱོད་རྒྱུར་འབད་བརྩོན་བྱེད་དགོས། རྒྱ་ནག་གིས་ཕྱིར་བསྒྲགས་བྱེད་བཞིན་པ་ཙམ་མ་ཡིན་པར་གནས་ཚུལ་དོན་དངོས་ཡིན་པ་དང་ཆ་ཚང་བ་ཞིག་ལ་ལྟ་ཐུབ་བྱ་གལ་ཆེ་ཟེར།
ཡང་ཁོང་གིས་བོད་རྒྱའི་འབྲེལ་མོལ་སྐོར་གསུངས་དོན། འབྱུང་འགྱུར་སྤྱི་ཟླ་ ༡༠ ནང་གི་བོད་རྒྱའི་འབྲེལ་མོལ་དེ་ཧ་ཅང་གི་གལ་ཆེན་ཆགས་ཡོད། རྒྱ་ནག་གཞུང་ཕྱོགས་ནས་དེ་ལ་ཁ་ཡོད་ལག་ཡོད་དང་ལྷག་བསམ་རྣམ་དག་གིས་སྐད་ཆ་བཤད་དགོས་བསམ་ཡོད་མེད་ཚོད་དཔག་བྱེད་མི་ཐུབ་པ་ཞིག་རེད། ཐེངས་སྔོན་མ་དག་དང་ལྷག་པར་དུ་ཉེ་བའི་ཆར་ཕྱོགས་གཉིས་ཀྱི་སྐུ་ཚབ་ཐུག་འཕྲད་སྐབས་ཁོང་ཚོས་བཤད་བསྡད་པའི་སྐད་ཆ་དེ་དག རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཞི་འཇམ་ངང་ལམ་ལྷོང་ཡོང་ཆེད། ལག་པ་འཆིང་ས་ལྟ་བུར་བེད་སྤྱོད་བྱས་ཡོད། སྤྱི་ཟླ་བཅུ་བའི་ནང་གི་གྲོས་མོལ་དེར་ཧ་ཅང་གི་གཟབ་ནན་དང་གྲ་སྒྲིག་ཡག་པོ་བྱེད་དགོས་པ་རེད། དེ་ཧ་ཅང་གལ་ཆེན་དང་གནད་འགག་ཆགས་ཡོད། སྤྱིར་བཏང་བོད་རྒྱའི་གནད་དོན་དེ་དཀའ་རྙོག་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། བོད་པ་ཚོར་བོད་ཟེར་བ་དེར་ངོས་འཛིན་བྱེད་སྟངས་ཤིག་དང༌། རྒྱ་ནག་གི་ངོས་ནས་བོད་ཟེར་བར་ངོས་འཛིན་བྱེད་སྟངས་གཞན་ཞིག་ཡོད་པ་རེད། ས་མཚམས་སྐོར་ལ་དཀའ་ངལ་ཆེན་པོ་ཆགས་ཡོད། དཀའ་ངལ་དེ་དག་ལ་མ་ལྟོས་བར་སྤྱི་ཚོགས་ནང་ཁུལ་གྱི་ལས་ཀ་མང་པོ་ཞིག་ཡོད་པ་རཻད། ཐེངས་འདིའི་གྲོས་མོལ་སྐབས་ཆབ་སྲིད་ཐོག་ལ་གོམ་པ་རྒྱག་མ་ཐུབ་པ་ཡིན་ནའང༌། དཔལ་འབྱོར་དང་རིག་གཞུང༌། འཕྲོད་བསྟེན། ཁོར་ཡུག་སོགས་ཀྱི་སྟེང་གོམ་པ་རྒྱག་ཐུབ་པ་ཞིག་དང༌། ངེས་པར་དུ་རྒྱག་དགོས་པ་ཞིག་རེད། གལ་སྲིད་རྒྱ་ནག་གིས་དེ་ཡང་ངོས་ལེན་མི་བྱེད་པ་ཡིན་ན། ང་ཚོ་དབྱིན་ཇིའི་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱས་ཏེ་སྐུལ་འདེད་བྱ་རྒྱུ་ཡིན། ང་རང་སྒེར་ངོས་ནས་ཉེ་ཆར་བོད་ནང་དོན་རྐྱེན་བྱུང་མ་ཐག དབྱིན་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་བཅར་ཏེ། བོད་རྒྱའི་གནས་སྟངས་ཛ་དྲག་གི་ངོ་བོར་འགྱུར་བཞིན་འདུག ཕྱོགས་གཉིས་ཀས་བསམ་ཤེས་ཐུབ་པའི་ཐོག་ནས་མྱུར་དུ་ཞི་བའི་བཀའ་མོལ་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཡོད་ཟེར།