རྒྱ་ནག་གི་འོ་རྩམ།

རྒྱ་ནག་གི་ཟན་ལུའུ་འོ་རྩམ་ཟེར་བའི་ནང་དུག་རྫས་ཤོར་ནས་བྱིས་པ་ ༤༣༢ ལྷག་ཅིག་ལ་ཟས་དུག་ཕོག་པ་དང་ཕྲུ་གུ་གཅིག་ཤི་བའི་གནས་ཚུལ་གསར་འགོད་པར་ཕྱི་བསྒྲགས་བྱས་ཡོད་ལ། འོ་རྩམ་བཟོ་གྲྭའི་ངོས་ནས་ཀྱང་ཐོན་རྫས་ནང་དུག་ཤོར་ཡོད་པ་ངེས་ལེན་བྱས་འདུག གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་ཏུ་ཟས་དུག་ཕོག་པའི་བྱིས་པའི་གྲངས་འབོར་ཁྲི་ ༤༠ བརྒལ་ཡོད་ཁར། འཆི་སྐྱོན་བྱུང་བའི་བྱིས་པ་ཉུང་མཐར་ ༥༠༠ ཟིན་པར་ཚོད་རྩིས་བྱས་ཡོད།

ཕྱི་ཚེས་ ༡༥ ཉིན་དབུས་གཙང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་གྲོས་ཚོགས་ཚོགད་དུས་ཀྱི་སྟོང་བའི་དུས་ཚོད་ཐོག་འབོད་སྐུལ་ཞུས་དོན།   ཕྱི་ཟླ་ ༩ པའི་ཚེས་ ༡༣ ཉིན་རྒྱ་དམར་དབུས་གཞུང་གི་འཕྲོད་བསྟེན་འགན་འཛིན་ཀའོ་ཆིང་གིས།  ཧོའུ་པེ་ཞིང་ཆེན་ཧྲི་ཅ་ཀྲུང་ནང་བརྟེན་གཞི་བྱས་པའི་ཟན་ལུའུ་འོ་རྩམ་ཟེར་བའི་ནང་དུག་རྗས་ melamine ཤོར་ནས་བྱིས་པ་ ༤༣༢ ལྷག་ཅིག་ལ་ཟས་དུག་ཕོག་པ་དང་ཕྲུ་གུ་གཅིག་ཤི་བའི་གནས་ཚུལ་གསར་འགོད་པར་ཕྱི་བསྒྲགས་བྱས་ཡོད་ལ། འོ་རྩམ་བཟོ་གྲྭའི་ངོས་ནས་ཀྱང་ཐོན་རྫས་ནང་དུག་ཤོར་ཡོད་པ་ངེས་ལེན་བྱས་འདུག འོན་ཀྱང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་ཁག་ཏུ་ཟས་དུག་ཕོག་པའི་བྱིས་པའི་གྲངས་འབོར་ཁྲི་ ༤༠ བརྒལ་ཡོད་ཁར། འཆི་སྐྱོན་བྱུང་བའི་བྱིས་པ་ཉུང་མཐར་ ༤༠༠ ནས་ ༥༠༠ ཟིན་པར་ཚོད་རྩིས་བྱས་ཡོད།

ཡང་རང་དབང་ལྡན་པའི་བརྒྱུད་ལམ་ BBC སོགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། འོ་རྩམ་དེས་ཟས་དུག་ཡོད་པའི་གནས་ཚུལ་འདི་ལོའི་ལོ་སྟོད་ནས་མངོན་གསལ་ཆགས་ཡོད་པ་དང༌། དྲ་རྒྱའི་གླེང་མོལ་ནང་དེ་བས་མང་བ་ཐོན་ཡོད་མོད། རྒྱ་གཞུང་གིས་ཨོ་ལིམ་པིག་ལུས་རྩལ་སྐབས་གླེང་ཕྱོགས་ཡོང་རྒྱུར་དོགས་ནས་ད་ལྟའི་བར་འགེབས་སྲུང་བྱས། གོང་གསལ་འོ་རྩམ་བཟོ་གྲྭའི་ངོས་ནས་ཀྱང་རང་ཉིད་ཀྱི་ཐོན་རྫས་ནང་ཟས་དུག་ཤོར་ཡོད་པ་ཤེས་བཞིན་དུ་ཚོང་བསྒྱུར་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཡང་ཕྱི་ཚེས་ ༡༤ ཉིན་ཐའེ་ཝན་གྱི་འབྲེལ་ཡོད་ཚན་པས་ཟན་ལུའུ་འོ་རྩམ་ཀྲོན༢༤ཐའེ་ཝན་ནང་འཁྱར་ཡོད་པའི་ཁྲོད་ནས། བཅུ་ཆའི་བཞི་ཚོང་བསྒྱུར་བྱེད་རག་པར་འགོག་སྲུང་ཐུབ་ཡོད་མོད། བཅུ་ཆ་དྲུག་ཙམ་ཞིག་ཚོང་རར་ཤོར་ཡོད་པས་རྩད་ཞིབ་བྱེད་མུས་ཡིན་པ་བརྗོད་འདུག ད་དུང་ཁེ་ན་ཊ་གཞུང་གི་འཕྲོད་བསྟེན་ཚན་པས་ཀྱང་གོང་གསལ་འོ་རྩམ་དེའི་གྲས་ཁྲིམས་འགལ་ཐོག་ཚོང་རར་སླེབས་ཡོད་པར་སེམས་ཁྲལ་བྱེད་ཀྱིན་པ་དང༌། འོ་རྩམ་དེས་བག་ལེབ་མངར་མོ་དང་ཕྱིའི་རུ་སོགས་ཟས་རིགས་སྣ་ཚོགས་ནང་སྤྱོད་ཀྱིན་པས་ན། རྒན་གཞོན་ཉིས་ཆར་འགས་ནད་ཕོགས་སྲིད་པས། ཁེ་ན་ཊ་གཞུང་གིས་ཟས་རིགས་བཟོ་གྲྭ་ཡོད་ཚད་ཀྱིས་རྒྱ་མིའི་ཐོན་རྫས་དེའི་རིགས་གཏན་འགོག་དགོས་པར་བཀའ་ཁྱབ་བཏང་འདུག

གོང་འཁོད་འོ་རྩམ་དེ་ནི་རྒྱ་ནག་གི་ཐོན་རྫས་སྤུས་ལེགས་ཅན་གྱི་རྟགས་མ་ཐོབ་ཡོད་པའི་གྲས་རེད་ལ། དེ་ལྟ་བུའི་ནང་ཟས་དུག་ཚབ་ཆེན་ཕོགས་ཡོད་པར་བརྟེན་གཟན་ཆས་གཞན་རྣམས་བརྗོད་མ་དགོས་ཤིང༌། འདི་ག་བཙན་བྱོལ་སྤྱི་ཚོགས་ནང་འཁྱར་བཞིན་པའི་གཟན་ཆས་མང་ཆེ་བ་སྤྱོད་ཡུན་དུས་ཚེས་རྫོགས་ནས་ཕྱི་ཐུམ་བསྐྱར་གཡོགས་བྱས་པ་སོགས་ཡིན་པ་མ་ཟད། དེ་དག་ལ་འབྲེལ་ཡོད་ཚན་པའི་རྟགས་དཔྱད་གང་ཡང་བརྒྱུད་མེད། གཞན་ཡང་རྒྱ་ནག་གི་ཟས་རིགས་བཟོ་བ་རྣམས་ཀྱིས་རང་གིས་བཟོས་པའི་ཐོན་རྫས་ཟ་མི་ཐུབ་པའི་གནས་ཚུལ་ཡོད་ལ། རྒྱ་གཞུང་གི་འཕྲོད་བསྟེན་ཚན་པས་ཀྱང་བཟོ་གྲྭ་ཁག་ལ་སྒོ་ཁྲལ་དུས་ཐོག་བསྡུ་རྒྱུ་དང༌། ལྐོག་དངུལ་བླངས་ཚར་རྗེས་བཟོ་གྲྭའི་གཙང་འཕྲད་ལ་དོ་ཁུར་མི་བྱེད་པར་གྱུར་ཡོད། ཡང་ལོ་ཤས་སྔོན་ནས་རྒྱ་གཞུང་གིས་ཕག་པ་ཤི་བའི་ཤ་ཡིས་བཟོས་པའི་མངར་རྒྱུ་དང༌། བྱིས་པ་དུག་ཕོག་ནས་ཤི་མྱོང་བའི་འོ་རྩམ། སྐྲ་ཡིས་བཟོས་པའི་སྐྱུར་ཆུཚུ་དང་ཅིང་ཡིགརིགས། བྱ་ནད་ཀྱིས་ཤི་བའི་བྱ་ཤའི་སྣུམ་སོགས་ཕྱི་རྒྱལ་ལ་ཚོང་བསྒྱུར་བྱེད་ཀྱིན་པ་གསར་ལམ་ཁག་ལ་ཡང་ཡང་ཐོན་ཡོད།

འདིར་ཛ་དྲག་གིས་བཀའ་སྤྱི་གཉིས་ལ་སྙན་གསེང་ཞུ་དགོས་པ་ནི། གོང་གསལ་ཟས་དུག་ཅན་གྱི་འོ་རྩམ་རྫུན་མ་དེའི་གྲས་རྒྱ་ནག་རྒྱལ་ཡོངས་སུ་ཁྱབས་ཡོད་པ་མ་ཟད། བོད་ཀྱི་མདོ་དབུས་ཁམས་གསུམ་ནང་ས་ཁྱབ་རྡོ་ཁྱབ་ལ་འགྲོ་བཞིན་པ་དེར་སེམས་འཚབ་དྲག་པོ་ཡོད་ལ། ཁ་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་བརྙན་འཕྲིན་ནང་དུའང་འོ་རྩམ་དེར་འཛེམ་སོན་དགོས་སྐོར་གཞི་ནས་བརྗོད་ཀྱིན་འདུག སོང་ཙང་འདི་ག་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ཟས་རྫུན་མ་དེའི་རིགས་སུ་གཏོགས་པ་ཡོད་ཚད་གང་བྱུང་ཁྱབས་བརྡལ་དུ་འགྲོ་བཞིན་པ་འདི་སྣང་མེད་ལ་གཏན་ནས་འཇོག་མི་རུང༌། རང་གཞུང་གི་འཕྲོད་བསྟེན་ཚན་པའི་རྒྱ་ཟས་རྫུན་མ་དེའི་རིགས་འགོག་ཐབས་ཀྱི་བྱ་སྤྱོད་ངེས་པར་དུ་སྤེལ་གནང་དགོས་ཁར། དཔེར་ན་བོད་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱི་ནང་མིས་རྒྱ་ཟས་རྔན་པ་བསྣབས་ནས་ཡོང་གི་ཡོད་པ་དེས། རང་གི་བུ་ཕྲུག་གཙོའི་གཞན་པར་འགོ་ནད་བསྒོ་སྲིད་པའི་ཉེན་ཁ་ཡོད་གཤིས། སློབ་གྲྭ་ཁག་གིས་གཙོས་འབྲེལ་ཡོད་ཚན་པས་རྗེས་ཕྱོགས་ཕྲུ་གུར་རྒྱ་ཟས་ཀྱི་རྔན་པ་སྤྲོད་མི་ཆོག་པའི་བཀོད་ཁྱབ་ནན་མོ་དགོས། ད་ཡོད་རང་རིགས་ཚོང་ཟོག་གཉེར་མཁན་ཉུང་ཤོས་ཤིག་གིས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ཟས་རིགས་འདྲ་མིན་ཚོང་བསྒྱུར་བྱེད་ཀྱིན་པ་འདི་བཞིན། ཐོག་མར་དོ་བདག་ཚོར་གུན་གསབ་ཆུང་ཙག་ཤིག་སྤྲོད་དགོས་ཀྱང་རུང་གང་ལྟར་འགོག་ཐབས་བྱེད་དགོས་ལ། རྗེས་ཕྱོགས་ཚོང་པ་སོ་སོས་རང་དོན་རང་གཅེས་ཀྱིས་ཁྲིམས་འགལ་གྱི་ཚོང་ལས་དེ་རིགས་མཚམས་འཇོག་ཐུབ་པར་རེ་སྐུལ་ཀྱང་ནན་མོར་ཞུ་རྒྱུ་བཅས་རེ་སྐུལ་ཞུས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply