རྒྱལ་ཚོགས་ཀྱི་བོད་དོན།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་དུས་ ༩ པའི་སྟེང་འཛམ་གླིང་སྟེང་གི་འགྲོ་བ་མིའི་གནས་སྟངས་སྐོར་བགྲོ་གླེང་བྱས་ཡོད་པ་དང་། སྐབས་དེར་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དོ་སྣང་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྟེང་སླེབས་ཡོད་འདུག ཚོགས་དུས་འདི་ནི་ཕྱི་ཚེས་ ༨ ཉིན་མགོ་བཙུགས་ཏེ། ཕྱི་ཚེས་ ༢ ཉིན་མཇུག་སྒྲིལ་གྱི་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་ཚོགས་དུས་འདིའི་ཐོག་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དོ་སྣང་སླེབ་དགོས་སའི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་སྟེང་གཏམ་བཤད་བྱེད་དུ་བཅུག་ཡོད་པ་རེད།

བོད་ཀྱི་ཕྱོགས་ནས་སྐུ་བས་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་བཞིའི་ཚབ་ཞུས་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམ་གུད་དུ་འགྲོ་བཞིན་པའི་གནས་སྟངས་དང་། བལ་ཡུལ་གཞུང་གིས་ཁྲིམས་མཐུན་གནས་སྡོད་ཆོག་མཆན་གྱི་ཡིག་ཆ་མེད་མཁན་བོད་མི་རྣམས་ཕྱིར་འབུད་བྱེད་པའི་ཐག་གཅོད་བྱས་པའི་སྐོར་བཅས་སྙན་སྒྲོན་གནང་ཡོད་པ་རེད།

ཁོང་གིས་གསལ་སྟོན་བྱས་དོན། རྒྱ་ནག་གཞུང་གིས་ལོ་འདིའི་ཕྱི་ཟླ་བཞི་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་རྗེས་ཙམ་ཞིག་ལ་རྒྱ་ནག་ནང་ལྟ་སྐོར་ལ་འབོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་ཆར་མུ་མཐུད་ཕེབས་ཐུབ་མེད་སྐོར་ཡང་ཞུས་ཡོད་པ་རེད།

ཁོང་གིས་ལོ་འདིར་རྒྱ་ནག་གཞུང་གིས་བོད་མི་ཚོར་བཙོན་འཇུག་མནར་གཅོད་བཏང་བའི་སྐོར་དང་། བཙོན་པ་རྣམས་ལ་དྲང་བདེན་གྱི་ཁྲིམས་གཅོད་བྱས་མེད་པའི་གནས་སྟངས་ལོ་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉར་གཅོད་ལ་རྒོལ་བའི་ཚོགས་ཆུང་གིས་སྙན་ཐོ་བཏོན་པ་བཞིན་དྲང་བདེན་བྱུང་མེད་སྐོར། ལྷག་པར་དུ་གནས་ཆུང་ཞེས་པའི་བུད་མེད་ལོ་ ༣༨ ཅན་ཞིག་ཉིན་ ༩ ལ་བཀག་ཉར་བྱས་ཏེ་གློད་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་སོགས་བརྗོད་ཡོད་པ་རེད།

ཐེངས་འདིར་ཚོགས་ཞུགས་བྱས་པའི་རྒྱ་ནག་གི་སྐུ་ཚབ་ཀྱིས་བོད་པ་འདིའི་སྐད་ཆ་ནི་དོན་དངོས་མིན་པ་དང་། བོད་ནང་བྱུང་བའི་གནས་ཚུལ་དེ་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་དང་། བོད་ཀྱི་གནད་དོན་ནི་ཆོས་ལུགས་དང་མི་རིགས། རིག་གཞུང་བཅས་ཀྱི་གནད་དོན་ཞིག་མིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་བས་ཀྱང་མིན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་རྒྱུ་ནི་རྒྱ་ནག་གི་རྩ་ཁྲིམས་ཀྱིས་འགན་ལེན་བྱས་ཡོད། རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ལ་ལས་དོན་སྒྲུབ་བཞིན་ཡོད་ཚུལ་སོགས་བརྗོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “རྒྱལ་ཚོགས་ཀྱི་བོད་དོན།

  1. སྟག་སྨྱོན།

    ད་ལོ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་པ་དང་། བསྟན་འཛིན་བསམ་འཕེལ་ལ་རྒྱལ་ཚོགས་ཐོག་གཏམ་བཤད་ཀྱི་གོ་སྐབས་བྱུང་བ་ཚང་མ་བོད་ནང་གི་གྲ་བཙན་དང་སློབ་ཕྲུག་མན་ཆད་ཀྱི་བོད་མི་མཉམ་ཆུང་ཚོས་ཚེ་སྲོག་བཏང་ནས་བསྐྲུན་པའི་གོ་སྐབས་རེད། ཁོ་ཚོའི་གོ་སྐབས་དེ་བེད་སྤྱོད་གང་འདྲ་བཏང་འདུག་གསལ་བོ་ཞིག་གསུངས་རོགས། གཏམ་བཤད་ངོ་བཤུས་བྱུང་ན་དེ་བས་བཟང་། ཡང་མིན་ན་དབྱིན་ཡིག་གི་གསར་འགྱུར་དྲ་དེབ་འདྲ་ཡོད་ན་ལམ་སྟོན་གནང་རོགས