རྒྱ་གར་ནང་གི་འགད་རྗས་ཀྱི་རླབས་རྒྱུན།

གཟའ་མིག་དམར་གྱི་དགོང་དྲོ་ཞིག་ལ་ཝ་ར་ན་སིའི་ཤར་ཕྱོགས་སུ་ཧིན་རྡུའི་མཆོད་མཇལ་བ་དག་གིས་ ཧ་ནུ་མན་ ལ་མཆོད་མེ་འབུལ་སྐབས་འགད་རྫས་ཆེན་པོ་ཞིག་གིས་ཚེ་སྲོག་མང་པོ་ཞིག་སྡེབ་འཕྲོག་བྱས། གཟའ་པ་སངས་ཀྱི་ཕྱི་དྲོ་ཞིག་ལ་ཧེ་ཌུ་ར་བྷ་ཌུའི་ལྷོ་ཕྱོགས་སུ་ཡུལ་བའི་འགད་རྫས་ཤིག་གིས་ལོ་རྒྱུས་ལྡན་པའི་ཁ་ཆེའི་ལྷ་ཁང་ནང་གི་མཆོད་མཇལ་བ་དག་བསད། རྒྱ་གར་གྱི་གྲོང་ཁྱེར་ཆེ་ཤོས་མུམ་བྷེ་རུ་འགད་རྫས་བསྟར་མ་འགའ་གཅིག་འཕྲོར་གཉིས་མཐུད་ཀྱིས་གཏོར་ཏེ་མེ་འཁོར་ནང་སྐྱོད་མཁན་མི་གྲངས་ ༢༠༠ ལྷག་བསད།

གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ་རྒྱ་གར་ནུབ་ཕྱོགས་ཀྱི་ཨ་མེ་ཌ་བྷ་ཌུ་རུ་འགད་རྫས་བསྟར་མ་ ༡༧ གཏོར་ཏེ་ཁྲོམ་ཉུལ་མཁན་དང་སྤྲོ་འཆམ་པ་དག་ལ་ཕར་རྒོལ་བྱས། ཅུང་མ་འགོར་བར་གོང་གསལ་འགད་རྫས་སྐབས་རྨས་སྐྱོན་བྱུང་བ་རྣམས་འཁྱེར་སའི་སྨན་ཁང་དེ་རང་ལ་འགད་རྫས་གཉིས་གཏོར་ཏེ་མི་ ༤༩ བསད་ཅིང་། ༢༠༠ ལྷག་རྨས།

རྒྱ་གར་ནི་སྲོལ་རྒྱུན་གྱི་རིག་གཞུང་གཏིང་ཟབ་པ་དང་ཆོས་ལུགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ། དེ་བཞིན་དུ་ཚོ་ཁག་དང་ཡུལ་སྡེའི་འཁྲུག་རྩོད་རྒོད་ལ། རྒྱལ་མཚམས་ནས་སླེབས་པའི་འཇིགས་སྐུལ་བའི་གྲངས་འབོར་འཕར་བཞིན་པའི་རྒྱལ་ཁབ་དེའང་ཡིན། ད་སྐབས་མི་རྣམས་ཀྱིས་ཡུལ་འདིའི་བདེ་འཇགས་ལ་སྔར་ལས་བློ་འཚབ་བྱེད་ཀྱིན་ཡོད་ཅིང་། འགྲུལ་བཞུད་སྐབས་དང་གྲོང་ཁྱེར། མེ་འཁོར་འབབ་ཚིགས། གློག་བརྙན་ཁང་། ཚོང་འདུས་ཁྲོམ་རྭ་བཅས་གང་དུ་ཕྱིན་ནའང་དོགས་ཟོན་ངང་འགྲོ་གི་ཡོད་ལ། ཐ་ན་ལམ་འགྲམ་གྱི་ཀུ་ཤུ་བཙོང་མཁན་ཚུན་གྱི་གདོང་ལ་དོགས་ཟོན་གྱིས་ལྟ་དགོས་པའི་ཚད་དུ་གྱུར་ཡོད་དེ། འགད་རྫས་གས་གཏོར་ནི་ཉིན་རེའི་བྱུང་བ་མིན་ནའང་ཉིན་རེའི་སེམས་འཚབ་ཀྱི་ཡུལ་དུ་གྱུར་ཡོད་པ་རེད།

རྒྱ་གར་ནང་གི་འགད་རྫས་གས་གཏོར་མཐའ་མ་ནི་ཕྱི་ཚེས་ ༡༣ དགོང་དྲོ་ཡིན། འགད་རྫས་བསྟར་མ་ ༥ གཏོར་བའི་ཁྲོད་མི་ ༡༨ བསད་ཅིང་། མི་ ༧༥ རྨས་ཡོད་པ་རེད། ཐེངས་འདིར་ལྡི་ལིའི་ཉེན་རྟོག་པས་གཏོར་མ་ཐུབ་པའི་འགད་རྫས་རེ་ཟུང་བརྙེད་ཐུབ་ཡོད་ཅིང་། གཟའ་ཉི་མ་བར་འགད་རྫས་འདིའི་ཤུགས་རྐྱེན་འོག་ནས་མི་ ༣༠ གྲོངས་ཡོད་ཅིང་། མི་ ༩༨ རྨས་སྐྱོན་ཕོག་མཁན་གྱི་གྲས་སུ་ཡོད་པ་རེད།

གཟའ་སྤེན་པའི་ལྡི་ལིའི་འགད་རྫས་སྐབས་མིང་ལ་འཇམ་དབྱངས་འབོད་ཅིང་རང་ལོ་ ༣༨ ཡིན་པའི་བོད་པ་ཞིག་ལའང་ཚབས་ཆེའི་རྨས་སྐྱོན་ཕོག་འདུག་ལ། ཁོང་ད་ཆར་ Ram Manohar Lohia སྨན་ཁང་གི་ཛ་དྲག་མྱུར་སྐྱོབ་སྨན་ཁང་ནང་དུ་ཡོད་པ་རེད།

རྒྱ་གར་ནང་གི་འགད་རྫས་འདི་དག་ནི་ཆོས་ལུགས་དང་ཡུལ་སྡེའི་བར་གྱི་རྩོད་རྙོག་ལས་འབྱུང་གི་ཡོད་ལ། ཉེ་ཆར་གྱི་འགད་རྫས་ཕལ་ཆེ་བ་གཏོར་མཁན་ནི་རྒྱ་གར་མུ་ཇ་ཧེ་ཌེན་ཞེས་པའི་ཚོགས་པ་དེ་ཡིན་ཚུལ་ཚོགས་པ་དེས་ངོས་ལེན་བྱས་ཡོད་ཅིང་། ཁོང་ཚོ་རྒྱ་གར་ཁ་ཆེའི་ཚོགས་ཁག་དང་རྒྱ་གར་ཁ་ཆེའི་སློབ་ཕྲུག་ལས་འགུལ་ཚོགས་པ་ཞེས་པ་སོགས་ཀྱིས་གྲུབ་ཡོད་ཚུལ་འདུག

༢༠༠༧ ལོར་ཝ་ཤིན་ཊོན་དུ་ཡོད་པའི་རྒྱལ་ཡོངས་འཇིགས་སྐུལ་གདོང་ལན་ལྟེ་བ་ཞེས་པས་སྙན་ཐོ་བཏོན་པ་ལྟར་ན། ༢༠༠༤ ལོའི་ཕྱི་ཟླ་དང་པོ་ནས་ ༢༠༠༧ ལོའི་ཕྱི་ཟླ་ ༣ པ་བར་དུ་འཇིགས་སྐུལ་ཚོགས་པའི་ཚུར་རྒོལ་འོག་གྲོངས་པའི་གྲངས་འབོར་ནི་ ༣༦༧༤ ཡིན་པ་དང་། འདི་ནི་དུས་མཚམས་དེར་གཞིར་བཞག་ནས་བལྟས་ཚེ་ཨི་རག་གི་འཕྲོ་ནས་འཇིགས་སྐུལ་བའི་ཚུར་རྒོལ་ཁྲོད་ཚེ་སྲོག་ཤོར་མཁན་མང་ཤོས་ཆགས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply