བཀའ་ཤག་གི་བློ་ཕམ།

ད་ལོའི་དམངས་གཙོའི་དུས་ཆེན་གྱི་བཀའ་ཤག་གསུང་བཤད་ནང༌། བུད་མེད་ཀྱི་ཐོབ་ཐང་ཐོག་ལ་དམིགས་བསལ་གཟིགས་ཞིབ་གནང་བའི་ཐོག་ནས་ལས་འཆར་སྒྲིག་གིན་ཡོད་གསུངས་འདུག དེ་ལ་རང་ཉིད་སྒེར་དང་སྤྱི་འཐུས་ཚོགས་གཙོའི་ངོས་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད་ཟེར།

སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་གྱིས་ཕྱི་ཚེས་ ༡༦ ཉིན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྡོམ་གསུང་བཤད་གནང་དོན། བོད་ནང་ཛ་དྲག་གི་སྐབས་ཤིག་ལ་གྲོས་ཚོགས་ཚོགས་དུས་དྲུག་པ་འཚོགས་ཡོད། བཀའ་བློན་རྣམ་པ་སྔོན་མ་ནས་ཚང་འཛོམས་ཀྱིས་ཕེབས་བཞིན་ཡོད་མོད། ཐེངས་འདིར་སྤྱི་འཐུས་རྣམ་པ་ ༤༣ ཚང་འཛོམས་ཀྱིས་ཕེབས་པར་ཚོགས་གཙོ་གཞོན་གཉིས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོའི་དམངས་གཙོའི་དུས་ཆེན་གྱི་བཀའ་ཤག་གསུང་བཤད་ནང༌། བུད་མེད་ཀྱི་ཐོབ་ཐང་ཐོག་ལ་དམིགས་བསལ་གཟིགས་ཞིབ་གནང་བའི་ཐོག་ལས་འཆར་སྒྲིག་གིན་ཡོད་གསུངས་འདུག དེ་ལ་རང་ཉིད་སྒེར་དང་སྤྱི་འཐུས་ཚོགས་གཙོའི་ངོས་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད། རང་ཉིད་ཀྱི་སྤྱི་འཐུས་ཚོགས་གཙོའི་ལས་འགན་དེ་རྫོགས་འགྲོ་གིན་ཡོད་པ་མ་ཟད། མ་འོངས་པར་བསྐྱར་དུ་སྤྱི་འཐུས་ཀྱི་འོས་མིར་ལངས་རྒྱུ་མིན་པའི་བསལ་བསྒྲགས་ཡང་སྔར་ནས་བྱས་ཟིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་དོན་དུ་ཕྱག་ལས་མང་པོ་གནང་ཡོད། དེར་བརྟེན། རང་ཉིད་ཀྱི་བསམ་པར་སྤྱི་འཐུས་རྣམ་པས་རྒྱལ་སྤྱིའི་ནང་ཕྱག་ལས་གནང་རྒྱུ་གོང་མཐོར་གཏོང་ཐུབ་ན་བསམ་པའི་ཐོག་ནས། མ་འོངས་པའི་ཚོགས་གཙོར་བཀའ་བསྡུར་བྱས་ཏེ་སྤྱི་འཐུས་གང་མང་མང་ཕྱི་རྒྱལ་གྱི་གྲོས་ཚོགས་ཁག་དང་རྒྱལ་སྤྱིའི་ཚོགས་འདུ་སོགས་སུ་ཕེབས་རྒྱུའི་འཆར་གཞི་དང༌། ང་ཚོའི་མཛའ་འབྲེལ་རྒྱལ་ཁབ་དག་ནས་གྲོས་ཚོགས་འཐུས་མི་གང་མང་ཚུར་ཕེབས་ཏེ་མཇལ་འཕྲད་དང་བོད་དོན་ལ་བཀའ་བསྡུར་གནང་རྒྱུའི་འཆར་གཞི་དེ་དག་གང་འཚམ་གྱིས་ལེགས་འགྲུབ་བྱུང་ཡོད། ཅེས་དང༌། དེ་རིང་གསར་འགྱུར་བརྒྱུད་ལམ་གྱི་གོ་སྐབས་དང་བསྟུན་ཏེ་ཞུ་རྒྱུར། སྤྱི་ཟླ་ ༡༡ པའི་ནང་གི་དམིགས་བསལ་ཚོགས་ཆེན་དེ་༧གོང་ས་མཆོག་གི་དགོངས་གཞི་རེད། ཞེ་དྲག་གལ་གནད་ཆེན་པོ་རེད། མིང་ཐོ་ཡོད་པ་རྣམས་ངེས་པར་དུ་ཕེབས་རྒྱུ་དང༌། མ་ཕེབས་སྔོན་ལ་ས་གནས་སོ་སོའི་མི་དམངས་ཀྱི་དགོངས་ཚུལ་རིམ་པ་མང་པོ་བསྡུ་རྒྱུ་དང༌། སྒར་ཁག་དང་བཅུ་ཤོག་ལྟར་བསྡུ་དགོས་བྱུང་ཡང་འབད་བརྩོན་བྱས་ཏེ། དམིགས་བསལ་ཚོགས་ཆེན་སྟེང་མི་དམངས་ཀྱི་བསམ་ཚུལ་འཁྱེར་ཡོང་རྒྱུར་ཐུགས་འགན་བཞེས་དགོས། དེ་ས་གནས་མགོ་འཛིན་དང༌། ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་གསུམ་ནས་ཐུགས་འགན་བཞེས་རོགས། དེ་བཞིན་བོད་ནང་གི་སྤུན་ཟླ་ཚོས་དགོངས་ཚུལ་གསུང་རྒྱུ་ཞེ་དྲག་ཁག་པོ་ཡོད་ཀྱང༌། བརྒྱུད་ལམ་འདྲ་མིན་ནས་སོ་སོའི་དགོངས་འཆར་གསུངས་པ་དང་བསྐུར་པ་ཡིན་ན། ང་ཚོས་དགའ་བསུ་དང་གཟི་བརྗིད་དུ་རྩི་རྒྱུ་ཡིན་ཞེས་གསུངས་སོང༌།

སྐབས་དེར་བཀའ་བློན་ཁྲི་བས་ཀྱང་ལོ་ལྟར་གྲོས་ཚོགས་ལ་སྐྱོན་བརྗོད་ཚ་ནན་རེ་བྱེད་སྲོལ་ཡོད་བ་བཞིན། ཐེངས་སྔ་མའི་གྲོས་ཚོགས་ཚོགས་དུས་ལྔ་བར། ང་ཚོའི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་ཕྱོགས་འགལ་ཚོགས་པའི་ཐུགས་འགན་ཁྱེར་བཞིན་འདུག་ཅེས་བརྗོད་ཡོད་ལ། ཐེངས་འདིར་གྲོས་ཚོགས་ཀྱིས་ཁྲིམས་བཟོའི་ལས་དོན་ཐོག་དོ་སྣང་མ་བྱས་པར་བཀའ་ཤག་སེམས་པ་ཕམ་ཚུལ་དང་ཡིད་ཐང་ཆད་ཚུལ་གསུངས་སོང༌། གྲོས་ཚོགས་མཇུག་བསྡུའི་ཉིན་གནད་དོན་ཁག་ཅིག་གི་ཐད་བཀའ་ཁྲིས་གསལ་བཤད་བྱས་དོན། བཀའ་ཤག་གིས་གསལ་བཤད་ཞུ་འདོད་པ་ཁག་ཅིག་ཡོད། དང་པོ། ཁྲིམས་བཟོ་དབང་འཛིན་གྱིས་གཏན་ལ་ཕབ་པའི་ཁྲིམས་འཆར་དང་སྒྲིག་འཆར་ལ་༧གོང་ས་མཆོག་གིས་ཆོག་མཆན་ཐོབ་པའི་ཁྲིམས་དང་སྒྲིག་གཞི་དང༌། ཁྲིམས་སྒྲིག་དེ་དག་དང་འབྲེལ་བ་ཡོད་པའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལམ་སྟོན་དེ་དག་འཛིན་སྐྱོང་ལ་ངེས་པར་དུ་ཁྱབ་དགོས་པ་དང༌། འཛིན་སྐྱོང་གིས་ངེས་པར་དུ་སྒྲུབ་དགོས་པ་ཞིག་རེད། དེ་ལས་གཞན་པའི་ཁྲིམས་བཟོ་ལྷན་ཚོགས་ནང་དགོངས་འཆར་བཏོན་པ་དང༌། ཚོར་བ་བཏོན་པ། གྲོས་ཆོད་བཞག་པ། ཐུགས་སྣང་བསྐུལ་བ་སོགས་ལ་འཛིན་སྐྱོང་གིས་དོ་སྣང་བྱ་དགོས་པ་ཙམ་ལས། ངེས་པར་དུ་ལག་བསྟར་བྱ་དགོས་པའི་ཁྱབ་ཚད་མེད།

གཉིས་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་ནང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་བཟོའི་དབང་འཛིན་ནང་བཞག་ཡོད་ལ། སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་འགན་གཙོ་བོ་དེ་གང་རེད་ཟེར་ན་ཁྲིམས་བཟོ་རེད། ཁྲིམས་བཟོའི་ལས་དོན་དེ་གྲོས་ཚོགས་ཀྱི་ལས་རིམ་ཚང་མ་ལས་གལ་ཆེ་ཤོས་དང༌། ཁྲིམས་བཟོའི་ལས་རིམ་བསྣམས་པའི་རྗེས་ལ་དུས་ཚོད་ལྷག་ན། སྤྱི་ཚོགས་དང་ཆབ་སྲིད་ཐོག་ལ་གཏོང་དགོས་པ་ཞིག་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་ཚང་མའི་སྤྱི་སྲོལ་རེད། འོན་ཀྱང༌། གྲོས་ཚོགས་ཐེངས་སྔོན་མ་དང་ཐེངས་འདི་གཉིས་ཀའི་ནང་དུས་ཚོད་ཉུང་ཤོས་དང༌། གལ་གནད་ཆུང་ཤོས་དེ་གང་དུ་རྩིས་སོང་ཟེར་ན་ཁྲིམས་བཟོའི་ལས་དོན་ཐོག་རྩིས་སོང༌། དེ་ང་ཚོ་བཀའ་ཤག་གི་མཐོང་ཚུལ་གཙོ་བོ་ཡིན། ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཡིག་ཆ་ཨང་བཞི་བཅུ་བ་དེ་ཐེངས་འདིར་འགྲོ་ཐུབ་པར་ཡིད་ཆེས་བྱས་ཡོད་ཀྱང་འགྲོ་ཐུབ་མ་སོང༌། དེ་གྲོས་ཚོགས་ཚོགས་དུས་གསུམ་རིང་བསྲིངས་ཡོང་བའི་གནད་དོན་ཞིག་རེད། ཁྲིམས་བཟོའི་ལས་དོན་ཐོག་ལ་དུས་ཚོད་མ་བཏང་བ་དང༌། ཐུགས་འདང་མ་གནང་བ་དེ་ལ་བཀའ་ཤག་སེམས་པ་ཕམ་སོང༌། ཡིད་ཐང་ཆད་སོང༌། ཞེས་གསུངས་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply