སྐྱོབས་འོས་པའི་ང་ཚོའི་ངོ་གདོང་གཞན་པ་དག

ནོར་བུ་གླིང་ག་དང་ཐག་མི་རིང་བའི་སར་ལ་དྭགས་དང་པི་ཏི། ཁུ་ནུ། མོན་རྟ་དབང་སོགས་ཧི་མ་ལ་ཡི་རུ་རྒྱུད་ནས་ཡོང་བའི་སློབ་ཕྲུག ༧༠ ལྷག་རམ་འདེགས་ཚོགས་པ་ཞེས་པའི་མིང་ཐོག་ཏུ་ཕ་ཡུལ་ཁུ་ནུ་ནས་ཡིན་པའི་དགེ་བཤེས་རྡོ་རྗེ་རྒྱལ་པོ་འབོད་པ་ཞིག་གིས་བདག་སྐྱོང་གནང་གི་ཡོད་ཅིང༌། ཁོང་ཚོ་ཞོགས་པ་སྔ་བོ་ནས་ཉེ་འཁོར་དུ་ཡོད་པའི་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་སོང་སྟེ་ཕྱི་དྲོར་ཕྱིར་ཐོན་རྗེས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་དང་དགེ་རྒན་ལྷ་ལུང་རྒྱལ་གྱི་སར་ནས་ཉིན་ལྟར་ཆུ་ཚོད་གཅིག་ནས་གཉིས་ཆད་མེད་ཀྱིས་བོད་ཡིག་འབྲི་ཀློག་སྦྱོང་གི་ཡོད་ལ། རམ་འདེགས་ཚོགས་པ་ནི་ཕྱི་ལོ་ ༡༩༩༩ ལོར་གསར་འཛུགས་གནང་ཡོད། ཡིན་ནའང་དགེ་རྒན་ལྷ་ལུང་རྒྱལ་གྱིས་བརྗོད་པ་ལྟར་ན་སློབ་ཕྲུག་དེ་ཚོར་དང་པོར་སློབ་ཁྲིད་བྱེད་སྐབས་བོད་སྐད་བོད་ཡིག་གང་ཡང་ཤེས་ཀྱི་མེད་སྟབས་དཀའ་ངལ་ཤུགས་ཆེར་འཕྲད་ཀྱི་ཡོད་ནའང༌། དེང་སྐབས་འཛིན་གྲྭ་ལྔ་བའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོས་བོད་སྐད་ཡག་པོ་ཤེས་པ་མ་ཟད་བོད་ཡིག་ཡག་པོ་ཤེས་ཀྱི་ཡོད་ཅིང༌། རྣམ་དབྱེ་བརྒྱད་ལ་ངེས་ཟིན་ཟབ་མོ་ཡོད་པ། རྩོམ་ཡིག་དང་ཉིན་ཐོ་འབྲི་བ་སོགས་ཀྱི་སྦྱང་བརྡར་ཡང་ཡག་པོ་ཡོད། ཅེས་བརྗོད་སོང་ལ། ཁོང་གིས་ ༡༩༩༩ ལོ་ནས་ ༢༠༠༡ བར་རམ་འདེགས་ཚོགས་པའི་འགན་འཛིན་དགེ་བཤེས་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་རེ་སྐུལ་ཞུས་པ་ལྟར་ལོ་གཉིས་རིང་ཕོགས་ཐོབ་གང་ཡང་མེད་པའི་ཐོག་ནས་སློབ་ཕྲུག་ཚོར་བོད་ཡིག་བསླབས་ཤིང༌། དེ་རྗེས་དགེ་རྒན་ཆུ་སྐྱེས་སྒྲོལ་མས་ ༢༠༠༦ བར་སློབ་ཁྲིད་གནང་ཡོད་འདུག་ལ། དེང་སྐབས་དགེ་རྒན་ལྷ་ལུང་རྒྱལ་ལགས་ཀྱིས་མུ་མཐུད་སློབ་ཁྲིད་བྱེད་ཀྱིན་ཡོད་ཅིང༌། ཁོང་གིས་ཉིན་རེར་ཆུ་ཚོད་གཉིས་ནས་གསུམ་བར་གྱི་དུས་ཚོས་སློབ་ཕྲུག་ཚོ་དང་མཉམ་དུ་བོད་ཀྱི་རིག་གཞུང་གི་དོན་དུ་ལག་སྐྱེས་སུ་འབུལ་བཞིན་ཡོད་པ་མ་ཟད། གཟའ་ཉི་མ་ཡང་ཆུ་ཚོད་གསུམ་ནས་བཞི་བར་གྱི་དུས་ཚོད་སློབ་ཕྲུག་ཚོའི་སར་གཏོང་གི་ཡོད་འདུག

སློབ་གྲྭའི་འགན་འཛིན་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་བརྗོད་དོན། ང་ནི་སྤྱིར་བཏང་གི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ལ། ངའི་ཚོགས་པ་འདི་ཡང་ཚོགས་པ་སྤྱིར་བཏང་བ་ཞིག་ཡིན། ཚོགས་པ་འདི་འཛུགས་དོན་ཧི་མ་ལ་ཡི་རུ་རྒྱུད་ཀྱི་སློབ་ཕྲུག་ཚོར་བདག་པོ་རྒྱག་རྒྱུ་དང༌། ཁོང་ཚོའི་སློབ་ཞོར་དུ་བོད་ཡིག་ཤེས་ན་བསམ་པས་ཡིན་ལ། དེ་ནི་ྋགོང་ས་མཆོག་གིས་དགོངས་གཞི་ཡང་རེད། ཅེས་བརྗོད་སོང༌། རམ་འདེགས་ཚོགས་པའི་ནང་ལོ་དྲུག་ཅན་གྱི་སློབ་ཕྲུག་ནས་མཐོ་རིམ་སློབ་གྲྭ་འགྲིམ་བཞིན་པའི་སློབ་ཕྲུག་ཁག་ཅིག་འདུག་ཅིང༌། ཁོང་ཚོའི་སྤྱིར་བཏང་གི་འཚོ་བ་ཧ་ཅང་སྐྱོ་ཞིང༌། འཚོ་བའི་འགྲོ་གྲོན་ཐད་རྒྱ་གར་གཞུང་ངོས་ནས་ཟླ་རེར་སློབ་ཕྲུག་རེར་ཧིན་སྒོར་ ༤༠༠ དང་བོད་གཞུང་ནང་སྲིད་ལས་ཁུངས་ཀྱིས་སློབ་ཕྲུག་ཡོངས་ཀྱི་འཚོ་བའི་འགྲོ་གྲོན་ཆེད་ཧིན་སྒོར་ ༥༠༠༠ གནང་བཞིན་པ་ལས་གཞན་དཔལ་འབྱོར་གྱི་ཡོང་ཁོངས་གང་ཡང་མི་འདུག་ལ། དེ་ནི་སློབ་ཕྲུག་ཚོའི་འཚོ་བ་འགྲིག་ཙམ་ཞིག་ལས་འདང་གི་མེད་ལ། དགེ་རྒན་ལྷ་ལུང་རྒྱལ་ལགས་ཀྱིས་སློབ་ཕྲུག་གཉིས་ཁྲིད་དེ་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དང་ཤེས་རབ་དགའ་ཚལ་སློབ་གླིང་གཉིས་སུ་སློབ་ཕྲུག་ཚོར་གྱོན་ཆས་སློང་མོ་རྒྱག་ཏུ་ཕྱིན་སྐོར་བརྗོད་སོང༌།

འདི་ལྟ་བུའི་འཚོ་བ་ཞན་ཞིང་དཔལ་འབྱོར་ཐོག་དཀའ་ཁག་ཆེན་པོ་ཡོད་ནའང༌། ཁོང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ཤེས་འདོད་ཀྱི་འདུན་པ་དང་དམ་བཅའ་བསྟན་པོ་འདུག་ལ། བོད་ཡིག་སློབ་སྦྱོང་གི་ཐད་དུ་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “སྐྱོབས་འོས་པའི་ང་ཚོའི་ངོ་གདོང་གཞན་པ་དག

  1. ལྕགས་རྒྱ་འགྲམ་ནག

    ལོ་རྒྱུས་བཞག་ནས་ད་ལྟའི་གནས་བབས་གླེང་ཚེ་ཁོང་ཚོ་ནི་རྒྱ་གར་གྱི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་འོག་འཚོ་བཞིན་ཡོད་ཅིང་། རྒྱ་གར་གྱི་ཁོངས་སུ་ཁོང་ཚོ་དང་གནས་སྟངས་གཅིག་པ་ས་མཚམས་ཀྱི་རྒྱུད་དུ་ཆགས་པའི་འབུམ་སྡེ་ལ་དང་། ལ་དྭགས་བཅས་སུ་ཁེངས་ནས་བསྡད་ཡོད། གནས་ཚུལ་འདིའི་ཁོངས་སུ་རྩོམ་པ་པོས་སློབ་གྲྭའི་དཔལ་འབྱོར་དང་བོད་ཡིག་གཅིག་པུ་ཙམ་མིན་པར། སློབ་མ་འདི་དག་གི་འཚོ་བ་དང་འབྲེལ་ནས་རྒྱ་གར་གྱི་མི་རིགས་སྲིད་ཇུས་ཀྱི་དགེ་སྐྱོན་གླེང་ཐུབ་ན་བཟང་སྙམ། སློབ་གྲྭ་འདི་དང་རིགས་འདྲ་ཞིག་དབུས་གཙང་སྤྱི་འཐུས་ངག་དབང་ལྷ་མོའི་སྤུན་བླ་མ་བཀྲ་ཤིས་ཀྱིས་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཏུའུ་ན་བཙུགས་འདུག སློབ་གྲྭ་དེའི་ནང་གི་སློབ་མ་ཕལ་ཆེ་བ་ནི་བོད་ཀྱི་རིག་གཞུང་ཁོངས་གཏོགས་ཀྱི་བལ་བོའི་མི་སེར་རེད། གནས་ཚུལ་འདི་ལྟ་བུར་དོ་སྣང་གིས་གསར་འགྱུར་སྤེལ་བ་ལ་རྗེས་སུ་ཡི་རངས་ཡོད།