འབར་མའི་དགེ་འདུན་པ་ཚོའི་ངོ་རྒོལ།

ཕྱི་ཚེས་ ༢༧ ཉིན་འབར་མའི་དགེ་འདུན་པ་བརྒྱ་སྐོར་ཞིག་གིས་སླར་ཡང་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། འདས་པའི་ལོ་གཅིག་གི་སྔོན་དགེ་འདུན་པ་ཚོས་སྣེ་ཁྲིད་དེ་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་འབར་མའི་དམག་མིའི་གཞུང་ལ་ངོ་རྒོལ་བྱས་སྐབས། དམག་མིའི་གཞུང་གིས་དྲག་པོའི་བཙན་གནོན་བྱས་ཏེ་ད་བར་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་རེད།

ཐེངས་འདིའི་དུས་དྲན་ནི་འབར་མའི་སེ་ཊེ་ཝེ་ཞེས་པའི་གྲོང་ཁྱེར་གྱི་ནུབ་སྒོ་རུ་འཁེལ་ཡོད་པ་རེད། ལོ་སྔོན་མར་འབར་མའི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་པའི་ངོ་རྒོལ་སྐབས་སྐྱ་སེར་དང་སློབ་ཕྲུག་སོགས་མི་གྲངས་ ༡༠༠༠༠༠ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་དམག་མིའི་གཞུང་གིས་མེ་མདའ་བརྒྱབས་ཏེ་ཉུང་མཐར་དགེ་འདུན་པ་ ༣༡ བསད་ཡོད་ཅིང་། མི་གྲངས་སྟོང་ཕྲག་འགའ་བཀག་ཉར་བྱས་ཡོད་པ་རེད་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་པས་བརྗོད་ཡོད་པ་རེད།

ལོ་གཅིག་གི་རྗེས་སུ་དྲག་གནོན་གྱི་དོན་རྐྱེན་ངན་པ་དེར་རྗེས་དྲན་བྱེད་པ་དང་བསྟུན། ཉེ་ཆར་བཙོན་ནས་གློད་པའི་ཆབ་སྲིད་བཙོན་ཟུར་དག་གིས་རྒྱལ་ཁབ་དེའི་གྲོང་ཁྱེར་ཆེ་ཤོས་ཡན་གྷོན་ནས། དམངས་གཙོའི་ཚོགས་པ་བཙུགས་ཏེ་ལོ་ ༢༠ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་དང་། དུས་དྲན་སྲུང་གཙིའི་ཉིན་འདིར་ཉེན་རྟོག་པ་དང་བདེ་འཇགས་མི་སྣ་དག་གིས་གཟབ་ནན་ངང་ལྟ་ཞིབ་བྱས་ཡོད་འདུག

འབར་མའི་རྒྱལ་ས་རུ་ལོ་སྔོན་མའི་ཡར་ལངས་དུས་དྲན་ལ་སླེབས་སྐབས་སུ་ཉེན་རྟོག་པ་ཚོས་ཉེན་སྲུང་སོ་ལྟ་ཁང་བཙུགས་ཏེ་སྲང་ལམ་གང་སར་དོགས་ཟོན་བྱས་ཡོད་པ་དང་། མཚན་མོར་ཁྱིམ་ཚང་རེ་རེ་བཞིན་སྒོ་ཉུལ་བྱེད་ཀྱིན་པ་དང་། དེ་ཡང་གཙོ་བོ་ནམ་གུང་ཡོལ་མཚམས་ཡིན་ལ། ཁོང་ཚོས་འཚོལ་ཞིབ་བྱེད་ཀྱིན་པ་ནི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་དང་། དམག་མིའི་དབང་སྒྱུར་ལ་སྐྱོན་བརྗོད་བྱེད་མཁན། དེ་བཞིན་ལོ་སྔོན་མའི་ཡར་ལངས་ལ་རྗེས་དྲན་བྱེད་འདོད་ཡོད་མཁན་གྱི་གྲས་ཡིན་འདུག

འབར་མའི་དཀའ་རྙོག་དེ་མུ་མཐུད་གནས་པའི་མུར། དཀའ་རྙོག་འདི་སེལ་ཐབས་ཀྱི་རྣམ་འགྱུར་ཡང་འགྱུར་བཞིན་ཡོད་འདུག གནས་ཚུལ་ཐོན་གསལ་ལ། ཕྱི་ཚེས་ ༢༥ ཉིན་སུ་ལེ་ ཕ་གྷོ་ཌ་དང་གྲོང་ཁྱེར་ཚོགས་ཁང་གི་ཉེ་འཁྲིས་ཏེ། ལོ་སྔོན་མའི་ངོ་རྒོལ་ཡར་ལངས་བྱེད་སའི་ས་ཆ་ལྟེ་བ་དེར་འགད་རྫས་ཤིག་གཏོར་ཡོད་པ་དང་། དེ་མ་ཐག་སྒྲིག་ཆས་ལྗང་ཁུ་གྱོན་པའི་དམག་མི་དང་ཉེན་རྟོག་པས་གྲོང་ཁྱེར་གྱི་སྲང་ལམ་མཐའ་དག་ལ་དོགས་ཟོན་བྱེད་པ་ཤུགས་ཆེ་རུ་ཕྱིན་ཡོད་འདུག ཉེ་འཁྲིས་ཀྱི་ཚོང་ཁང་བདག་པོ་ཞིག་གིས་བརྗོད་དོན། འགད་རྫས་དེའི་སྐབས་སུ་མི་ ༤ ལ་རྨས་སྐྱོན་ཕོག་འདུག་ཟེར།

ནེའུ་ཡོག་གསར་ཤོག་གིས་སྤེལ་བ་ལྟར་ན། ཉིན་དེར་ས་ཁུལ་མི་འདྲ་བ་གཉིས་ནས་འགད་རྫས་བཀད་ཡོད་ཚུལ་འདུག་ན། འབར་མའི་ཉེན་རྟོག་ལས་ཁུངས་ལ་གནས་ཚུལ་བརྩད་ཞིབ་བྱེད་སྐབས་དེའི་ཐད་ལན་བཏབས་ཡོད་མི་འདུག

འབར་མའི་དམག་མིའི་གཞུང་གིས་མི་དམངས་ཀྱི་ཞི་བའི་ཡར་ལངས་ལ་དྲག་པོའི་རྒོལ་རྡུང་བྱས་ཏེ་ལོ་གཅིག་འཁོར་བའི་རྗེས་སུ་ཁྲོམ་ན་མི་གྲངས་ཁྲི་སྟོང་གི་འབོད་སྒྲ་དེ་ཐོས་རྒྱུ་མེད་ནའང་། དྲག་པོའི་རྒོལ་རྡུང་བྱེད་སའི་ས་གནས་དེར་སྔར་བྱུང་མ་མྱོང་བའི་འགད་རྫས་ཀྱི་ལྡིར་སྒྲ་ཞིག་བསླེབས་པ་དེས་དཀའ་རྙོག་འདིའི་སྐོར་ལ་འགྲེལ་བཤད་གསར་པ་ཞིག་རྩོམ་གྱིན་པ་བསྟན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply