༧གོང་ས་མཆོག་གི་སྐུ་གཟུགས་ལ་བརྟག་དཔྱད་བྱས་མཐར་མཁྲིས་རྡོར་སྨན་བཅོས་ལེགས་པར་འགྲུབ་ཡོད་པ་དང༌། ཉིན་འགར་རྒྱལ་ས་ལྡི་ལིར་སྐུ་ངལ་གསོས་ཏེ། མི་འགྱངས་པར་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག
ཕྱི་ཚེ་ ༡༠ རེས་གཟའ་པ་སངས་ཀྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་སྐུ་སྒེར་ཡིག་ཚང་ནས་གསར་འགོད་གསལ་བསྒྲགས་བསྐྱངས་དོན་ལྟར་ན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་ཕྲན་བུ་བདེ་མིན་བྱུང་བར་སྐུ་གཟུགས་བརྟག་དཔྱད་ཡང་ཡང་ཞུས་མཐར། སྨན་པ་རྣམས་ཀྱིས་སྐུའི་མཁྲིས་རྡོར་སྨན་བཅོས་ལེགས་པར་མཛད་དགོས་པ་ནན་ཞུས་གནང་དོན་བཞིན། ཕྱི་ཚེས་ ༡༠ ཉིན་སྨན་བཅོས་ལེགས་གྲུབ་ཟིན་ཞིང༌། ད་དུང་ཉིན་ཤས་རིང་རྒྱལ་ས་ལྡི་ལིར་སྐུ་ངལ་གསོས་རྗེས་བཞུགས་སྒར་ངྷ་རམ་ས་ལར་ཆིབས་སྒྱུར་གནང་གཏན་འཁེལ་ཡོད་ཚུལ་བཀོད་འདུག
༧སྤྱི་ནོར་གོང་ས་མཆོག་ཟླ་སྔོན་མར་ཧྥ་རན་སིར་ཕེབས་ཏེ་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱིར་རྒྱ་གར་དུ་ཕེབས་མ་ཐག སྐུ་གཟུགས་བདེ་མིན་གྱི་དབང་གིས་རྒྱ་གར་གྱི་གྲོང་འཁྱེར་མུམ་བྷེ་ལ་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་ཡོད་པ་དང༌། སྐབས་དེར་བརྟག་དཔྱད་སྨན་པས་༧གོང་ས་མཆོག་ལ་མཛད་འཕྲིན་མང་དྲགས་པ་དང༌། ཐུགས་བྲེལ་ཆེ་དྲགས་པའི་དབང་གིས་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་ཡོད་སྟབས། དུས་ཡུན་གང་འཚམ་རིང་སྐུ་ངལ་གསོ་གལ་ཆེ་ཚུལ་བརྗོད་ཡོད་སྟབས། སྐུ་སྒེར་ཡིག་ཚང་ནས་༧གོང་ས་མཆོག་མི་འགྱངས་པར་བཞུགས་སྒར་དུ་ཆིབས་སྒྱུར་གྱིས་བདུན་ཕྲག་ཁ་ཤས་རིང་སྐུ་ངལ་གསོ་རྒྱུ་དང༌། སྤྱི་ཟླ་ ༡༠ ནང་ཡུ་རོབ་ཁག་ཏུ་ཕེབས་རྒྱུའི་མཛད་འཆར་ཡོངས་ཕྱིར་འཐེན་དང་སྤྱི་ཟླ་ ༡༠ ཚེས་ ༢༢ ཉིན་ཧྥ་རན་སིའི་རྒྱལ་ས་ཕེ་རི་སུར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་འཚོགས་ཏེ། ༧གོང་ས་མཆོག་ཚོགས་མགོན་དུ་ཕེབས་གཏན་འཁེལ་ཡོད་པའང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད།
འོན་ཀྱང༌། ཐུགས་བརྩེ་བ་ཆེན་པོས་གཞན་དབང་དུ་གྱུར་བའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་ཁྱད་གསོད་དང༌། སྙུང་གཞི་སྣང་མེད་ཀྱིས་ཐའེ་ཝན་གཙོས་བའི་འཛམ་གླིང་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོའི་རེ་འདོད་བཞིན། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ཟླ་འདིའི་ཚེས་ ༤ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བྱང་ཆུབ་ལམ་རིམ་དང་བྱང་ཆུབ་སེམས་འགྲེལ། སྒོམ་རིམ་བར་བ་སོགས་ཀྱི་བཀའ་ཆོས་གནང་ཡོད། ཕྱི་ཚེས་ ༤ ཉིན་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐུགས་རྗེ་ཆེན་པའི་བཀའ་དབང་བསྩལ་ཏེ་གསུང་ཆོས་ཡོངས་སུ་ལེགས་འགྲུབ་ཟིན་མ་ཐག ཕྱི་ཚེས་ ༦ ཉིན་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱལ་ས་ལྡི་ལིར་སྐུ་གཟུགས་ལ་བརྟག་དཔྱད་གཏོང་བར་ཕེབས་ཡོད། ཐེངས་འདིར་༧གོང་ས་མཆོག་ལྡི་ལིར་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་པའི་ཐད། བོད་པའི་སྤྱི་ཚོགས་ནང་སེམས་འཚབ་ཆེན་པོ་དང་གླེང་སློང་འདྲ་མིན་ཞིག་ཡོང་གིན་ཡོད་སྟབས། ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པ་ཆེད་དུ་དཔལ་ལྡན་སྐུ་སྒེར་ཡིག་ཚང་དུ་སོང་སྟེ་བཅར་འདྲི་ཞུས་པར། འབྲེལ་ཡོད་ལས་བྱེད་ཀྱིས་སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས། ཐེངས་འདིར་༧གོང་ས་མཆོག་གི་སྐུ་བཅར་དུ་ཕེབས་ཡོད་སྟབས། ཁོང་ལ་ཁ་པར་བརྒྱུད་བཀའ་འདྲི་ཞུས་ན་ལེགས་ཚུལ་གསུངས་པ་ལྟར། སྐུ་བཅར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར་ཁོང་གིས། དེ་རིང་སྔ་དྲོ་སྨན་ཁང་ནས་༧གོང་ས་མཆོག་གི་སྐུ་གཟུགས་ལ་བརྟག་དཔྱད་དང་པོ་བྱས་ཚར་བ་ཡིན། གནད་འགག་ཆེན་པོ་གང་ཡང་མི་འདུག ཕྱི་ཚེས་ ༩ ཡས་མས་ལ་ཕྱིར་བཞུགས་སྒར་དུ་ཆིབས་སྒྱུར་གནང་ཐུབ་པ་འདྲ་ཞེས་གསུངས་བྱུང༌། འོན་ཀྱང་ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་སྒྱུར་གནང་མི་འདུག་ལ། རྒྱ་གར་རྒྱལ་ས་ལྡི་ལིའི་སྭེར་གངྒ་རཱམ་སྨན་ཁང་ཞེས་པའི་ནང་གི་༧གོང་ས་མཆོག་གི་སྐུ་གཟུགས་བརྟག་དཔྱད་སྨན་པས་གསར་འགྱུར་བརྒྱུད་ལམ་ཁག་ཅིག་ཏུ་བརྗོད་པ་ལྟར་ན། ༧གོང་ས་མཆོག་གི་མཁྲིས་པའི་ནང་དུ་རྡོ་ཡོད་སྟབས། ཐེངས་འདིར་གཤག་བཅོས་གཏོང་དགོས་ཚུལ་ཡང་བཀོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
དྲ་ངོས་འདི་ན་གོམས་སྲོལ་ཁྱད་མཚར་པོ་ཞིག་འདུག ཚང་མས་མཉམ་རུབ་ཀྱིས་དོན་དག་ཅིག་གི་མདུད་པ་ཁྲོལ་མིན་ལ་མི་ལྟ་བ་དང་། བསམ་ཚུལ་ཞིག་འདོན་ཐུབ་མིན་ལ་མི་ལྟ་བར་ལམ་སེང་ཕན་ཚུན་ལ་སྨོད་རེེས་དང་སྡིག་རེས་བྱས་ནས་ཤོག་ངོས་བཀང་ཡོང་གི་འདུག འདི་སྐྱོན་ཆེན་པོ་ཞིག་ཆགས་ཡོང་གི་འདུག རྗེས་ཕྱོགས་དྲ་ངོས་འདི་ནས་སྐད་ཆ་བཤད་ན་འདྲ། བསམ་ཚུལ་བཏོན་ན་འདྲ། སུ་གཅིག་གིས་ཆ་འཇོག་མི་བྱེད་པ་དང་ཡིད་བརྟོལ་བྲལ་བ་ཞིག་ཡོང་རྒྱུ་ཡིན་པ་ཐག་གིས་ཆོད། དེའི་ཁར་དྲ་ཐོག་གི་མི་དེ་དག་གི་མིང་འདོགས་སྟངས་ཚུན་ནས་ཏོག་ཙམ་འགྲིག་གི་མི་འདུག་སྙམ་པས་ཚང་མས་ཐུགས་བསམ་བཞེས་རོགས། ང་ཚོ་ངོ་མ་ནན་ཏན་མ་རེད། ང་ཚོ་གནས་སྟངས་གང་ཞིག་ལ་ལྷུང་ཡོད་པའི་ཐད་ལའང་འདང་ཞིག་ཕོག་ན་རེད། ཁ་བརྡ་དྲ་རྒྱ་ཡང་འདི་འདྲ་ཞིག་རེད། ཕ་ཡུལ་དྲ་རྒྱ་ལ་ཡང་སྔོན་ཆད་ནད་ཡམས་འདི་འདྲ་ཞིག་ཡོད། འོན་ཀྱང་། ངས་བལྟས་ན་ཕ་ཡུལ་དྲ་རྒྱ་ལ་ཡར་རྒྱས་འདུག་སྙམ། དེ་ནི་གཅིག་བྱས་ན་བོད་ཡིག་གི་སྟེང་གི་ཤེས་ཡོན་པ་དང་དབྱིན་ཡིག་སྟེང་གི་ཤེས་ཡོན་པ་ཚོའི་ཚད་གཞི་མི་འདྲ་བ་དང་། ཡང་ན། དྲ་ཐོག་གི་སྤྱི་ཚོགས་ཀྱི་གྲུབ་ཆ་མི་འདྲ་བའི་དབང་གིས་མིན་ནམ་སྙམ། དེར་བརྟེན་རྗེས་ཕྱོགས་འདིའི་ཐད་ཚང་མས་བསམ་བློ་ཞིག་གཏོང་རོགས། དྲ་བའི་དོ་དམ་པའི་ངོས་ནས་ཀྱང་སྣེ་ཁྲིད་དེ་དྲ་ཐོག་གི་སྤྱི་ཚོགས་འདི་ཡར་རྒྱས་དང་ཡག་ཕྱོགས་ཤིག་ལ་འཁྲིད་རོགས་གནང་ཞེས་ངས་ནན་ཏན་གྱིས་གཞེན་སྐུལ་ཞུ་གི་ཡོད།