སྐུའི་ཉེན་སྲུང༌གི་གནད་དོན།

དེང་སྐབས་རྒྱ་གར་ནང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་གྱི་དོན་རྐྱེན་གང་སར་འབྱུང་བཞིན་ཡོད་སྟབས། རྒྱ་གར་དབུས་གཞུང་གི་བཀའ་འཁྲོལ་འོག ཀང་ར་རྫོང་བདེ་སྲུང་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་གི་ཉེ་འཁོར་ལ་ཉེན་སྲུང་འཕྲུལ་ཆས་རིགས་འདྲ་མིན་གསར་འཛུགས་བྱ་འཆར་ཡོད་འདུག
 
ཕྱི་ཚེས་ ༢༤ ཉིན་རྒྱ་གར་ཧིན་རྡུའི་དུས་བབ་གསར་ཤོག་སྟེང་གནས་ཚུལ་བཀོད་དོན་ལྟར་ན། ཉེ་སྔོན་ཀང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་རྒྱ་གར་དབུས་གཞུང་བདེ་སྲུང་ལྷན་ཁང་ལ་བཀའ་འཁྲོལ་ཞུས་ཏེ། བཞུགས་སྒར་ངྷ་རམ་ས་ལའི་༧གོང་ས་མཆོག་གི་བཞུགས་ཡུལ་ཕོ་བྲང་དང༌། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གཡས་གཡོན་བཅས་སུ་རང་འགུལ་བརྙན་ཕབ་འཕྲུལ་ཆས་ ༦ དང༌། པར་ལེན་འཕྲུལ་ཆས། དེ་བཞིན་གློག་གི་ཞིབ་བཤེར་འཕྲུལ་ཆས་རིགས་འདྲ་མིན་གསར་འཛུགས་ཀྱིས་༧གོང་ས་མཆོག་གི་སྐུ་ཕྱའི་ཉེན་སྲུང་ལ་གཟབ་ནན་དང༌། ངྷ་རམ་ས་ལ་ཁུལ་དུ་སྐོར་སྲུང་ཉེན་རྟོག་པ་མང་དུ་བཏང་སྟེ། སྲུང་སྐྱོབ་ཇེ་དམ་དུ་གཏོང་རྒྱུ་སོགས་ཀྱི་བཀའ་འཁྲོལ་ཞུས་དོན་ལྟར་རྒྱ་གར་དབུས་གཞུང་ནས་ཆོག་མཆན་ཐོབ་སྟེ། ལས་གཞི་དེ་བདུན་ཕྲག་གཉིས་གསུམ་ནང་ལེགས་འགྲུབ་འབྱུང་དུ་འཇུག་རྒྱུ་དང༌། དེ་དག་ལ་དོ་དམ་སྟངས་འཛིན་བྱེད་མཁན་ལས་ཁུངས་ཆེད་འཛུགས་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག་སྟབས། ཕྱི་ཚེས་ ༨ ཉིན་འདི་གའི་གསར་འགོད་པ་སྐུ་སྒེར་ཡིག་ཚང་དུ་ཆེད་བཅར་གྱིས། རྒྱ་གར་གསར་ཤོག་སྟེང་གི་གནས་ཚུལ་དེའི་ཐད་བཅར་འདྲི་ཞུས་པར། སྐུ་སྒེར་དྲུང་ཆེ་མཆོག་གིས་གནས་ཚུལ་དེ་འདྲ་ཞིག་ཡོད་པ་བདེན་པ་རེད། འོན་ཀྱང༌། གནད་དོན་དེ་བོད་གཞུང་བདེ་སྲུང་ལས་ཁུངས་ལ་འབྲེལ་བ་ཆགས་ཡོད་སྟབས། ཁོང་ཚོར་བཀའ་འདྲི་ཞུས་ན་གསལ་བོ་ཆགས་ཡོང་ཟེར། ཕྱི་ཚེས་ ༩ ཉིན་ཡང་བསྐྱར་བོད་གཞུང་བདེ་སྲུང་དྲུང་ཆེ་མཆོག་གི་སར་བཅར་ཏེ། རྒྱ་གར་དབུས་གཞུང་གི་ཆོག་མཆན་འོག ཀང་ར་ཉེན་རྟོག་ལས་ཁུངས་ལ་དེ་འདྲའི་ལས་གཞི་ཡོད་པ་བདེན་པ་ཡིན་མིན་དང༌། ད་དུང་གནས་ཚུལ་དེའི་ནང་༧གོང་ས་མཆོག་གི་གཟིམ་ཆུང་སྲུང་སྐྱོབ་ལ་ཕྱི་རིམ་དང་ནང་རིམ་གཉིས་ཡོད་ཀྱང༌། ཕར་ཚུར་བར་ཐག་རིང་བའི་དབང་གིས་སྐུའི་ཉེན་སྲུང་ལ་འཐུས་ཤོར་འགྲོ་ཉེན་ཆེ་བ་སོགས་བཀོད་འདུག་སྟབས། དེའི་དགོས་པ་རྒྱུ་མཚན་གང་ཡིན་དང༌། སྔར་དེ་འདྲའི་འཐུས་ཤོར་དང་ཉེན་ཁ་འདྲ་བྱུང་ཡོད་མེད་སོགས་དྲིས་པར་ཁོང་གིས། ཀང་ར་རྫོང་དང་ས་གནས་ཉེན་རྟོག་ལས་ཁུངས་མཉམ་འབྲེལ་འོག ལས་འཆར་དེ་འདྲ་ཞིག་ཡོད་པ་བདེན་པ་རེད་ལ། ལས་གཞི་དེ་ད་ལྟ་དངོས་སུ་མགོ་འཛུགས་བྱས་ཡོད་པ་རེད། འོན་ཀྱང༌། ལས་གཞི་དེ་ཇི་ལྟར་རྩོམ་གྱི་ཡོད་པ་དང༌། བཟོ་ལུགས་བཟོ་སྟངས་སོགས་ཚགས་ཤོག་ནང་བརྒྱུད་བསྒྲགས་བྱ་རྒྱུ་ཞིག་མ་རེད། དེ་དག་དགོས་པ་རྒྱུ་མཚན་གཙོ་བོ་དེང་སྐབས་འཛམ་གླིང་རྒྱལ་ཁབ་རེ་ཟུང་དང༌། ལྷག་པར་དུ་རྒྱ་གར་ནང་གི་ས་ཆ་གང་སར་གཏོར་རྒོལ་སོགས་དྲག་སྤྱོད་ཀྱི་གནས་ཚུལ་མང་པོ་འབྱུང་གིན་ཡོད་སྟབས། རྒྱ་གར་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་ཡར་རྒྱས་སུ་གཏོང་འཆར་རེད། དེ་སྔ་གནས་ཚུལ་འཐུས་ཤོར་དུ་སོང་བ་དང༌། ཛ་དྲག་གི་གནད་དོན་བྱུང་བ་དེ་འདྲ་གང་ཡང་མ་རེད། ཀང་ར་རྫོང་གིས་ངྷ་རམ་ས་ལ་ཁུལ་གྱི་སྲུང་སྐྱོབ་ཇེ་དམ་དུ་གཏོང་རྒྱུ་རེད། མག་ལོར་གྷན་ཇིའི་ཕར་ངོས། སྦོའ་སར་གྷན་ཇིར་ཡོད་པའི་ཉེན་རྟོག་ལས་ཁུངས་དེ་ངྷ་ས་མེག་ལོར་ལ་གནས་སྤོར་བྱས་ཡོད་པ་རེད། ད་དུང་སྐོར་སྲུང་བ་མང་དུ་གཏོང་རྒྱུ་ཡིན་ས་རེད། ཅེས་གསུངས་བྱུང༌།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply