རྒྱ་ནག་གིས་བོད་ནང་ཆུ་མཛོད་རྒྱག་འཆར།

 ཕྱི་ཚེས་ ༡༦ ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་དུ་ཆུ་མཛོད་ ༧༥༠ ལྷག་རྒྱག་འཆར་ཡོད་པ་དང༌། འདས་བའི་ལོ་ཤས་ནང་ཆུ་མཛོད་གསར་རྒྱག་ཐད་རྒྱ་སྒོར་ས་ཡ་ ༢༩ ལྷག་གི་མ་དངུལ་བཏང་སྟེ་ལེགས་འགྲུབ་བྱུང་ཡོད་འདུག་ལ། ལོ་འདིར་སྔོན་མ་ལས་མ་དངུལ་མང་དུ་བཏང་སྟེ་བོད་ས་ཡོངས་སུ་ཆུ་མཛོད་གསར་རྒྱག་གི་ལས་གཞི་མགོ་འཛུགས་གནང་བཞིན་ཡོད་འདུག ཉེ་བའི་ལོ་ཤས་ནང་བོད་མི་ཚོས་ཡར་འབྲོག་གཡུ་མཚོར་ཆུ་མཛོད་གསར་རྒྱག་ཐད་རྒྱ་གཞུང་ལ་ངོ་རྒོལ་བྱས་མཐར་ལས་འཆར་ལེགས་འགྲུབ་བྱུང་ཐུབ་མེད་ནའང༌། ད་ལྟའི་ཆར་དམག་མི་ ༡༥༠༠ ལྷག་གིས་ཡར་འབྲོག་གཡུ་མཚོའི་མཐའ་བསྐོར་ཏེ་མང་ཚོགས་ཀྱི་འགྲོ་འོང་བཀག་འགོག་བྱེད་བཞིན་ཡོད་པ་དང༌། ཆུ་མཛོད་མང་པོ་གསར་རྒྱག་བྱ་འཆར་དང་མང་པོ་ཞིག་ཏུ་གློག་མཁོ་གཏོང་བྱེད་བཞིན་ཡོད་འདུག ཉེ་ཆར་བོད་ལྗོངས་ཀོང་པོ་རྒྱ་མདའ་ས་ཁུལ་ཏུ་གློག་ཤུགས་ w ཚད་བཞི་ཁྲི་ཅན་གྱི་གློག་འདོན་ཆུ་མཛོད་ནས་གློག་གཏོང་མགོ་བརྩམས་ཡོད་པ་དང༌། བོད་ལྗོངས་འབའ་ཞོལ་ཁ་ཆུ་མཛོད་ཞིག་ནས་ཀྱང་གློག་འདོན་མགོ་བརྩམས་ཡོད་པ་རེད། འབའ་ཞོལ་ཁ་ཆུ་མཛོད་ནི་པ་སངས་མཚོའི་ཉེ་འདབས་ཀྱི་ཆུ་མཛོད་དྲུག་པ་དེ་ཡིན་འདུག དེ་མིན་མཚོ་སྔོན་ཟི་ལིང་ཕྱོགས་ཀྱི་ཆུ་མཛོད་ཞིག་ཀྱང་ལོ་འདིའི་ལོ་མཇུག་པར་ལེགས་འགྲུབ་འབྱུང་འཆར་ཡོད་པ་དང་གློག་མཁོ་གཏོང་གི་ནུས་ཚད་wདུང་ཕྱུར་ ༤་༩ ལས་ཚད་མཐོ་རུ་འགྲོ་རྒྱུ་ཡིན་ཚུལ་དང༌། ཆུ་མཛོད་འདི་ནི་རྒྱ་ནག་གིས་ནུབ་བརྒྱུད་ས་ཁུལ་ཏུ་ཨར་འདམ་ལས་བཟོས་པའི་སྲ་ཞིང་བརྟན་པའི་གློག་འདོན་ཆུ་མཛོད་ཆེ་ཤོས་ཤིག་ཡིན་འདུག་ལ། ད་ལྟའི་ཆར་ལས་བཟོ་བ་ཁྲི་ ༨ ལྷག་གིས་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་ས་འོག་ཏུ་བཟོ་གྲྭའང་མང་པོ་ཡོད་འདུག  བོད་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་འཆར་འདིའི་ཐད་བོད་རང་སྐྱོང་ལྗོངས་གློག་འདྲེན་འགན་འཛིན་ཧཕང་ཆིན་ཧཱ་ཡིས། ཆུ་མཛོད་གསར་རྒྱག་འདིས་བོད་རང་སྐྱོང་ལྗོངས་ཀྱི་མི་མང་ ༡༩༠༠༠༠༠ དང༌། ས་གནས་བོད་མིའི་བརྒྱ་ཆ་ ༦༩ ཡི་གློག་གི་དཀའ་ངལ་བསལ་ཡོད་ཚུལ་བརྗོད་ཡོད། བོད་ལྗོངས་ཆུ་མཛོད་ལས་དོན་ས་ཚིགས་ཀྱི་འགན་འཛིན་པདྨ་དབང་འདུས་ཀྱིས། བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་མི་མང་ལ་གློག་ནུས་དགོས་མཁོ་ཆེ་བ་དང༌། ང་ཚོའི་ངོས་ནས་རང་བྱུང་ཐོན་ནུས་སྲུང་སྐྱོབ་དང་སྤྱི་ཚོགས་ཆ་སྙོམས་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་གི་ཡོད། ཉེ་ཆར་ཡང་ཆེད་ལས་པ་གདན་འདྲེན་གྱིས་ཡར་ཀླུང་གཙང་བོའི་ཉེ་འགྲམ་གྱི་ས་ཆ་དེ་དག་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད་པ་རེད།

འཛམ་གླིང་གི་ཆེད་ལས་མཁས་པ་དང་རྒྱལ་སྤྱིའི་ཆུ་བོའི་མནའ་འབྲེལ་གྱི་མི་སྣ་སོགས་ཀྱིས། བོད་ནི་ལྷོ་ཤར་ཨེ་ཤ་ཡའི་ཆུ་བོ་ཐམས་ཅད་ཀྱི་འབྱུང་ཁུངས་དང༌། འཛམ་གླིང་མི་འབོར་གྱི་ཕྱེད་ཀ་བོད་ཀྱི་ཆུ་བོའི་ཉེ་འགྲམ་ན་འཚོ་བས་རྒྱ་ནག་གིས་བོད་ནང་ཆུ་མཛོད་གསར་རྒྱག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང༌། བོད་ནང་གི་ལས་འཆར་འདི་མཚམས་འཇོག་བྱ་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད། དེ་མིན་ཁེ་ན་ཌའི་མཐོ་སློབ་ཀྱི་བོད་རིགས་དགེ་རྒན་ཆེན་མོ་ཁོར་ཡུག་སྲུང་སྐྱོབ་ཆེད་མཁས་པ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཀྱང་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་གཏོང་མཚམས་འཇོག་དགོས་པའི་རེ་སྐུལ་དང༌། བོད་ཀྱི་ཆུ་བོ་འདི་དག་ནི་བོད་མིའི་སེམས་ཁོང་གི་བླ་མཚོ་ཡིན་པ་དང་འདི་དག་ལ་ཆུ་མཛོད་བརྒྱབ་ཚེ་ཁོར་ཡུག་ལ་མཐའ་གཅིག་ཏུ་གནོད་པ་དང་རྒྱུག་ཆུ་བཀག་འགོག་གིས་སྲོག་ཆགས་སོགས་ལའང་གནོད་པ་ཚབས་ཆེན་ཡོད་ཚུལ་བརྗོད་ཡོད་འདུག་ལ། རྒྱལ་སྤྱིའི་ཚན་རིག་དབྱེ་ཞིབ་པས། ལོ་ངོ་འདི་དག་ལ་བོད་ཀྱི་རྨ་ཆུའི་མགོ་ཁུངས་ཀྱི་སའི་རྒྱ་ཁྱོན་ཆུང་དུ་འགྲོ་བཞིན་ཡོད་པ་དང༌། ཚན་རིག་པས་གཟུགས་མཐོང་འདྲ་པར་སྟེང་གཤིབ་བསྡུར་བྱས་པའི་ཁྲོད་ལོ་རེར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༨༠༠  ལྷག་གིས་ཆུང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་དང༌། ལོ་འདིའི་རྒྱ་ནག་སི་ཁྲོན་གྱི་ས་ཡོམ་དང་ཉེ་ཆར་འདམ་གཞུང་དུ་བྱུང་བའི་ས་ཡོམ་འདི་དག་ཀྱང་རྒྱ་ནག་གི་ཆུ་མཛོད་གསར་རྒྱག་དང་འབྲེལ་བ་དམ་པོར་ཡོད་ཚུལ་བརྗོད་ཡོད། བོད་མི་ཚོས་ཆུ་མཛོད་གསར་རྒྱག་འདི་ནི་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་གཏོང་བའི་བྱེད་ཐབས་ཤིག་དང་བོད་མི་གནས་སྤོར་གཏོང་བྱེད་ཀྱི་ཐབས་ལམ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། 
 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “རྒྱ་ནག་གིས་བོད་ནང་ཆུ་མཛོད་རྒྱག་འཆར།

  1. མྱི་སྨྱོན།

    བོད་མི་དག་གིས་ས་ཆ་འདི་ལྟར་རྫོགས་འགྲོ་གི་ཡོད་རེད། ད་དུང་ང་ཚོས་འདིར་གཏམ་ཉོག་རེ་བརྗོད་བཞིན་ཁྱེད་ཀྱི་རང་བཙན་ངེས་དབུ་མ་ཞེས་པའི་སྐབས་མིན་པ་ཤེས་དགོས་ཀྱི་ཡོད།