རྒྱ་ནག་ཏུ་ལས་བཟོ་བ་ ༧༠༠༠ ལས་ཤོར།

འཛམ་གླིང་གི་བཟོ་ཚོང་མ་རྐང་དཔལ་འབྱོར་ལ་ཉམས་ཉེས་ཆེན་པོ་བྱུང་བར་བརྟེན་རྒྱ་ནག་གི་བྱིས་པའི་རྩེད་ཆས་ཕྱིར་འཚོང་བཟོ་གྲྭ་ཆེ་ཁག་གཉིས་མ་རྩ་བརྡིབས་ཏེ་སྒོ་རྒྱག་དགོས་བྱུང་བ་དང༌། ལས་བཟོ་བ་ ༧༠༠༠ ལྷག་ལས་མེད་དུ་གྱུར་ནས་འཚོ་བའི་ཐད་དཀའ་ངལ་ཡོང་བའི་ཉེན་ཁའི་གནས་སུ་གྱར་ཡོད། འདི་ནི་ཐེངས་འདིའི་འཛམ་གླིང་མ་རྐང་དཔལ་འབྱོར་ཉམས་ཉེས་ཀྱི་ཤུགས་རྐྱེན་འོག་མ་རྩ་བརྡིབས་ཏེ་སྒོ་རྒྱག་དགོས་བྱུང་བའི་རྒྱ་ནག་གི་བཟོ་གྲྭ་ཐོག་མ་དེ་ཆགས་ཡོད།

  ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཧོང་ཀོང་ཧོའུ་ཅོན་བཟོ་ཚོགས་ཀྱི་ཡན་ལག་ཧིའུ་ཅོན་དང་ཅོན་ལེན་བྱིས་པའི་རྩེད་ཆས་བཟོ་གྲྭ་གཉིས་ཀྱི་མ་རྩ་བརྡིབས་ཏེ་སྒོ་བརྒྱབས་པའི་ཁྱབ་བསྒྲགས་དུས་མཉམ་དུ་སྤེལ་འདུག བཟོ་གྲྭ་དེ་གཉིས་ཀྱིས་བདུན་ཕྲག་དྲུག་ཙམ་རིང་གི་བཟོ་བའི་ལས་ཕོགས་ད་དུང་སྤྲོད་རྒྱུ་ལྷག་ཡོད་པར་བརྟེན། བཟོ་བ་རྣམས་ཀྱིས་བཟོ་གྲྭ་སྒོ་བརྒྱབས་པའི་གནས་ཚུལ་ཐོས་རྗེས་གླ་ཕོགས་རག་ཐབས་སུ་བཟོ་གྲྭ་དང་ས་གནས་སྲིད་གཞུང་གི་སྒོ་འགྲམ་དུ་རུབ་འཚོགས་རྒྱག་བཞིན་ཡོད་ལ། ས་གནས་གཞུང་གིས་བཟོ་བའི་ངོ་རྒོལ་བྱེད་པར་དངངས་སྐྲག་སྐྱེས་ཏེ་ཧོའུ་ཅོན་བཟོ་ཚོང་ལྷན་ཁང་དང་མཉམ་དུ་གྲོས་བསྡུར་གྱིས་རྒྱ་སྒོར་ཁྲི་ ༢༤༠༠ ལྷག་གི་གུན་གསབ་སྤྲད་དེ་སྤྱི་ཚོགས་བདེ་འཇགས་ཡོང་ཐབས་བྱས་ཡོད་པ་རེད། 

  རྒྱ་ནག་ཀུང་ཏུང་ས་ཁུལ་གྱི་ཀྲང་མུའུ་ཐོའུ་ས་གནས་གྲོང་སྡེ་རུ་ཡོད་པའི་ཧོང་ཀོང་ཧོའུ་ཅིན་བཟོ་ཚོགས་ཀྱི་ཡན་ལག་བྱིས་པའི་རྩེད་ཆས་བཟོ་གྲྭ་འདི་གཉིས་ནི་རྒྱ་ནག་གི་རྩེད་ཆས་བཟོ་གྲྭ་ཆེ་ཤོས་དེ་ཆགས་ཡོད་པ་དང༌། བཟོ་གྲྭ་འདི་གཉིས་ཀྱིས་འཛམ་གླིང་གི་ཆེས་སྙན་གྲགས་ལྡན་པའི་ཚོང་རྟགས་ཀྱི་གྲས་སུ་ཚུད་པའི་བྱིས་པའི་རྩེད་ཆས་བཟོ་ཚོང་ལས་ཁང་ལྔའི་གྲས་ཀྱི་གསུམ་ལ་ཚོང་ཟོག་ཕྱིར་འཚོང་བྱེད་བཞིན་ཡོད་པ་རེད། བཟོ་གྲྭ་འདི་གཉིས་མ་རྩ་བརྡིབས་བའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་སྔོན་མར་ཨ་རིས་རྒྱ་ནག་གི་ཕྱིར་ཚོང་བྱིས་པའི་རྩེད་ཆས་ཚད་ལྡན་མིན་པ་གསལ་བསྒྲགས་བྱས་པ་དེའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པར་བརྗོད་ཡོད།
 
  ཧོང་ཀོང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཚོགས་མི་དང༌། ཧོང་ཀོང་བཟོ་ལས་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ལཱེན་ཅོན་ཡཱན་གྱིས་བརྗོད་རྒྱུར། ད་ལོའི་ལོ་སྟོད་དུ་རྒྱ་ནག་རྒྱལ་ནང་དུ་ ངལ་རྩོལ་གན་རྒྱའི་བཅའ་ཁྲིམས་ལག་བསྟར་བྱས་པ་ནས་བཟུང་ང་ཚོས་རྒྱ་ནག་ནང་ལོགས་ཀྱི་ཕྱིར་འཚོང་བཟོ་གྲྭ་ཆིག་ཁྲི་ལྷག་སྒོ་རྒྱག་དགོས་འཁེལ་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད། ཉེ་ལམ་དཔལ་འབྱོར་ཉམས་ཉེས་ཀྱི་རླབས་རྒྱུན་ཐེངས་གཉིས་པ་དེ་སླེབས་ཟིན་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཉོ་སྒྲུབ་ཀྱི་ནུས་ཤུགས་ཚད་དམའ་རུ་གྱུར་པར་བརྟེན། བཟོ་ཚོང་ལས་ཁང་ཆུང་འབྲིང་དག་གིས་མ་འོངས་པའི་ལོ་གཅིག་གཉིས་ནང་གི་མངགས་ཉོའི་གོ་སྐབས་འཐུས་ཤོར་ཏུ་འགྲོ་རྒྱུ་ཡིན་པ་དང༌། བཟོ་གྲྭ་སྒོ་རྒྱག་པའི་གནས་ཚུལ་མུ་མཐུད་ནས་འབྱུང་རྒྱུ་ཡིན་པ་རེད་ཟེར།

  གཞན་ཡང་བཟོ་ཚོང་ཆེད་ལས་པ་དག་གིས་དཔྱད་བརྗོད་སྤེལ་བ་ལྟར་ན། ད་ལོ་ནས་བཟུང་རྒྱ་ནག་རྒྱལ་ནང་གི་ཚོང་རྫས་རྒྱུ་ཆ་དང་ངལ་རྩོལ་གླ་ཆ་གོང་མཐོར་འཕར་བ་དང༌། རྒྱ་སྒོར་གྱི་འཛའ་གོང་མཐོར་འཕར་བ། མ་རྐང་དཔལ་འབྱོར་ལ་དཀའ་ངལ་བྱུང་བ། ཕྱིར་འཚོང་བྲིན་ཚད་ཉམས་ཆག་ཏུ་གྱུར་པ། རྒྱལ་སྤྱིའི་ཕྱིར་འཚོང་དཔྱད་ཞིབ་དཔྱ་ཁྲལ་འཕར་བ། དེའི་སྟེང་རྒྱ་ནག་གི་ཕྱིར་འཚོང་ཚོང་རྫས་ཀྱི་རྒྱུ་སྤུས་ཞན་པར་མ་ཟད། མིའི་བདེ་ཐང་ལ་གནོད་པའི་རྫས་འགྱུར་དུག་རྫས་བསྲེས་ལྷད་ཀྱི་རྐྱེན་པས་རྒྱལ་སྤྱིའི་མཛད་སྤྱོད་པའི་ཡིད་ཆེས་བརླགས་པར་བརྟེན། རྒྱལ་སྤྱིའི་བཟོ་ཚོགས་ཁག་ནས་རྒྱ་ནག་གི་ཕྱིར་འཚོང་ཚོང་རྫས་ཕོན་ཆེན་ཕྱིར་སློག་བྱེད་བཞིན་པ་འདི་དག་ནི་རྒྱ་ནག་གི་རྩེད་ཆས་བཟོ་ཚོང་ཉམ་ཉེས་སུ་གྱུར་བའི་རྒྱུ་རྐྱེན་གཙོ་བ་ཡིན་པར་བརྗོད་ཡོད་ལ། ད་དུང་རྒྱ་ནག་གི་ཕྱིར་འཚོང་བཟོ་ལས་མང་པོ་ཉམས་ཆག་ཏུ་འགྱུར་རྒྱུ་ཡིན་པར་སྔོན་དཔག་བྱེད་བཞིན་ཡོད་འདུག 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “རྒྱ་ནག་ཏུ་ལས་བཟོ་བ་ ༧༠༠༠ ལས་ཤོར།

  1. ཁོ་ཚོ་མུ་གེ་ཅིག་ཤི་་་་་་་་་་་
    སྡུག་ཅོང་རེད་་་་་
    བོད་མི་མང་པོ་ཞིག་གི་རང་སྲོག་ཤོར་བ་དང་ཤོར་བཞིན་པ་རེད་་་་
    རྒྱུ་འབྲས་མིན་འགྲོ་་་་་་