འཆར་ཟླའི་བགྲོ་གླེང་ཚོགས་ཆེན་ལ་ཕུལ་བའི་རེ་འབོད།

ནོར་བསམ།

འཛམ་གླིང་ན་ཉི་ཟླ་ལྟར་མཚན་སྙན་ཆེས་ཆེར་བསྒྲགས་པའི་བླ་ན་མེད་པའི་དབུ་ཁྲིད་ཁོང་གིས་དབུ་ཁྲིད་པའི་གཞུང་གཅིག་གི་མངའ་འབངས་དང་ཤ་ཁྲག་རུས་རྒྱུད་གཅིག་པའི་རང་རིགས་སྤུན་ཟླ་རྣམས་ཀྱི་རེ་སེམས་བཅོལ་ཡུལ་འཆར་ཟླའི་བོད་ཀྱི་བགྲོ་གླེང་ཚོགས་ཆེན་ནང་ཚོགས་ཞུགས་གནང་མཁན་མཁྱེན་ལྡན་གནས་ཡོད་མི་སྣ་རྣམས་ལ། ང་ཚོ་བོད་མི་ཚང་མས་རེ་བ་དང༌། དད་སེམས་ཡོད་ཚད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅོལ་ནས་བོད་ལ་བདེ་སྐྱིད་ཀྱི་ཉི་མ་སླར་ཡང་འཆར་རྒྱུའི་རེ་སེམས་ཆེན་པོ་བྱེད་ཀྱི་ཡོད་ལ། ཁོང་གིས་བཀའ་གནང་བ་ནི་གཞན་ལྟར་མི་འདྲ་བར་གལ་ཆེན་དོན་ཆེར་ངོས་འཛིན་ཞུ་ཡི་ཡོད། དེང་སང་རྡ་སའི་རི་ཀླུང་ཀུན་ཏུ་ཡོང་རྒྱུའི་ཕྱི་ཟླ་བཅུ་གཅིག་པའི་བགྲོ་གླེང་ཚོགས་ཆེན་སྐོར་བཤད་མཁན་དང༌། བགྲོ་གླེང་བྱེད་མཁན་མང་ཙམ་འདུག ཉིན་སྔོན་མའི་ཉིན་རྒྱབ་ཚོགས་པ་བཞིས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཞིག་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚོགས་སོང་ལ། དེའི་ནང་བགྲོ་གླེང་གསུང་བཤད་གནང་མཁན་གཙོ་བོ་གསུམ་ཕེབས་འདུག་པ་ནི། ནམ་རྒྱུན་ནས་བོད་དོན་ཐོག་ཐུགས་སྣང་དང༌། དཔྱད་བརྗོད་འབྲི་མཁན་རྩོམ་པ་པོ་དང༌། རྩོམ་སྒྲིག་པ་རེད་འདུག་པས་གུས་པས་རེ་སེམས་ཆེན་པོས་ཕ་ཡུལ་དྲ་རྒྱ་བརྒྱུད་ལས་ཁུངས་ནས་ཉན་པ་ཡིན། ཁ་ཉིན་གྱི་བགྲོ་གླེང་ཚོགས་འདུ་དེས་ང་ལ་སེམས་ཁྲལ་དང༌། འབྱུང་འགྱུར་གྱི་བགྲོ་གླེང་ཚོགས་ཆེན་ཐོག་དངངས་ཚབ་ཆེན་པོ་སྐྱེས་བྱུང༌། དེ་ཡང་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། མི་མང་གིས་རེ་སེམས་ཆེན་པོ་བཅངས་ཡོད་མོད། ཚོགས་བཅར་པ་རྣམས་ཀྱིས་བོད་སྤྱི་དོན་ལ་ཕན་པའི་བཀའ་མོལ་གསུང་རྒྱུའི་ཚབ་ལ། དགོས་མེད་ཀྱི་བཀའ་མོལ་དང༌། ཡི་གེ་ཟང་ཟིང་མང་པོ་བྲིས་ནས་ྋགོང་ས་མཆོག་གི་ཐུགས་རེ་དང༌། བོད་རྒྱ་ཆེའི་མི་མང་གི་རེ་སེམས་ཉམས་པར་འདོགས་པས་ཡིན། དེ་བས་བོད་ཀྱི་ཆབ་འབངས་ཀྱི་གྲལ་མཐར་ཚུད་པ་གུས་པས་བོད་རྒྱ་ཆེའི་མི་མང་གིས་མྱངས་དང་མྱོང་བཞིན་པའི་དཀའ་ངལ་དང༌། ྋགོང་ས་མཆོག་གི་སྐུ་ཁམས་སོགས་ལ་བསམ་ནས་ངས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་བགྲོ་གླེང་ཚོགས་ཆེན་གྱི་ཚོགས་བཅར་པ་ལྷན་རྒྱས་ཚང་མར་ཚོགས་ཆེན་ལམ་ལྷོང་ཡོང་བའི་རེ་འབོད་ཤུགས་དྲག་དང༌། འདི་མཉམ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། བོད་ལྗོངས་ཆོལ་ཁ་གསུམ་དང༌། ནང་ཚན་ཆོས་ལུགས་ཁག་གི་མི་མང་སེར་སྐྱའི་སྤྱི་འཐུས་ཚོགས་བཅར་པ་རྣམས་ལ་རྩལ་བའི་བཀའ་སློབ་ལས་ཟུར་བཏོན་ཞུས་པ་ཞིག་ལྷག་བསམ་བཟང་པོས་ཀུན་ནས་བླངས་སྟེ། བགྲོ་གླེང་ཚོགས་ཆེན་གྱི་ཚོགས་བཅར་པ་ལྷན་རྒྱས་ལ་སྙན་སྒྲོན་ཞུ་འདོད་ཆེན་པོ་བྱུང༌། ྋགོང་ས་མཆོག་གིས། “ཁྱོད་ཚོ་ཆེད་མངགས་འདིར་འཛོམས་དགོས་པའི་དོན་དག་སྙིང་པོ་གང་ཡིན་པར་བསམ་བློ་ནན་ཏན་གཏོང་དགོས། ད་རེས་ཁྱོད་ཚོས་ང་རང་ཚོའི་ལས་དོན་ཁ་ཚ་གལ་ཆེ་དེ་དག་གང་འདྲ་བྱས་ནས་སྒྲུབ་པ་དགའ། གང་འདྲ་བྱས་ནས་འགྲུབ་ཐུབ་པ་སོགས་བྱ་བའི་གནད་གསལ་པོར་སྟོན་ཐུབ་པ་ཞིག་བྱེད་དགོས། ཀླད་པ་དཀྲུག་རྒྱུ་གང་ཡོད་དཀྲུག་ནས། དོན་དག་སྙིང་པོ་ཡོད་པ། བོད་སྤྱི་དོན་ལ་ཕན་ངེས་ཤ་ཚ་བའི་སྐད་ཆ་ཤོད་རྒྱུ་གང་ཡོད་ཤོད་དགོས། དགོས་མེད་ཀྱི་སྐད་ཆ་སྟོང་པ་མང་པོ་བཤད། ཡི་གེ་ཟང་ཟིང་མང་པོ་བྲིས་ན་ཁྱོད་རང་ཚོ་ཚང་མས་རེ་བ་བཅོལ་ནས་འདིར་ཆེད་མངགས་ཡོང་བའི་དགོས་པ་མ་ཚང་བ་རེད། གང་ལྟར་ཁྱོད་ཚོས་དོན་དམ་མི་མང་འཐུས་མིའི་གོ་ཆོད་པ་ཞིག་བྱས་ཏེ་ལས་དོན་ཐོག་ལ་འབྲས་བུ་མངོན་རྒྱུ་ཡོད་པ་ཞིག་ངེས་པར་དུ་བྱེད་དགོས།” ཞེས་བཀའ་སྩལ་བ་རྣམས་ཐུགས་ལ་འཇག་པར་ཚལ།། བོད་རྒྱལ་ལོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “འཆར་ཟླའི་བགྲོ་གླེང་ཚོགས་ཆེན་ལ་ཕུལ་བའི་རེ་འབོད།

  1. ཐུགས་རྗེ་ཆེ། ཁྱོད་རང་གཞི་རིམ་མང་ཚོགས་ལ་བསྟུན་ཤེས་མཁན་ཞིག་རེད། མང་ཚོགས་ཀྱི་བསམ་བློར་བརྩི་འཇོག་བྱེད་ཤེས་མཁན་ཚོར་ང་ཚོས་ཀྱང་བསམ་ཤེས་བྱེད་ཤེས་ཀི་རེད་ད།