དུས་བབ་གསར་ཁང་གིས་འདོན་ཐེངས་སྔོན་མ་གཉིས་ཀྱི་ནང་དུ་ཟླ་རྗེས་མའི་ནང་འཚོགས་གཏན་འཁེལ་བའི་ཚོགས་འདུ་དེའི་ཆེད་དུ། གཞུང་འབྲེལ་ཡིན་མིན་གཉིས་ཀྱི་སྡེ་ཚན་ཁག་གི་མགོ་ཁྲིད་རྣམ་པ་དང༌། ཆོས་རྒྱུད་ཁག་གི་སྤྱི་འཐུས་བཅས་ལ་ཚོགས་ཆེན་དེའི་སྒང་དུ་སྡེ་ཚན་སོ་སོ་ནས་འཐུས་མི་འདེམས་སྟངས་དང༌། བསམ་ཚུལ་བསྡུ་ལེན་བྱེད་སྟངས། དེ་མིན་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་ཡོད་པའི་འཐུས་མི་ཡོང་ཁུངས་བཅས་ཀྱི་ཐད་བཅར་འདྲི་བྱས་པ་བཀོད་ཡོད་ལ། ད་ཐེངས་ཀྱང་མུ་མཐུད་ནས་ནམ་རྒྱུན་བོད་ཀྱི་གནད་དོན་ལ་ཐུགས་སྣང་ཡོད་པའི་མི་སྒེར་དང༌། སྡེ་ཚན་འགའི་འགན་འཛིན་རྣམས་ལ་གོང་འཁོད་གནས་ཚུལ་དེ་དག་གི་སྒང་ལ་བཅར་འདྲི་བྱས་པ་ཡིན།
ཉེ་ལམ་བཀའ་ཟུར་རྣམ་པས་དམིགས་བསལ་ཚོགས་ཆེན་སྐོར་ལ་བཀའ་བསྡུར་གནས་ཡོད་སྟབས། ཐེངས་འདིར་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ལ་བཀའ་འདྲི་གནང་བར་ཁོང་གིས། ཚོགས་ཆེན་དེ་གལ་ཆེན་པོ་ཞེ་དྲག་རེད། ཁ་སང་ང་ཚོ་བཀའ་ཟུར་ཚོས་ཚོགས་འདུ་འཚོགས་སྐབས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་ཡིན། མཇལ་ཁ་ཞུས་དུས་༧གོང་ས་མཆོག་ནས་ཚོགས་ཆེན་སྐོར་ལ་བཀའ་གནང་སོང༌། དེ་ཧ་ཅང་གི་ཐུགས་གལ་ཆེན་པོ་ཞིག་ཏུ་གཟིགས་ཀྱིན་འདུག ༧གོང་ས་མཆོག་གིས་ངོས་ནས་སི་ཏྲ་སི་སྦག་གི་གསུང་བཤད་གཙོ་བྱས་པའི་སྔ་གཞུག་མང་པོར་བོད་ཀྱི་སྐོར་མཐའ་མའི་ཐག་གཅོད་དེ་བོད་རྒྱ་ཆེའི་མི་མང་གིས་བྱེད་གི་རེད་ཅེས་བཤད་ཡོད། ད་ལྟ་ཡིན་ཡང་ཚོགས་ཆེན་དེའི་སྒང་ལ་ལངས་ཕྱོགས་གང་འདྲ་ཞིག་ཏུ་འགྲོ་བ་དང༌། ལངས་ཕྱོགས་དེ་ཐབས་ཤེས་གང་འདྲའི་འོག་ནས་ལག་ལེན་བྱེད་རྒྱུ་ཡིན་པ་བཅས་མི་མང་ཚོགས་འདུ་འཚོགས་ནས་ཐག་གཅོད་གང་བྱས་ན་ངས་དེར་མོས་མཐུན་ཡོད་ཅེས་བཀའ་ཕེབས་སོང༌། ལངས་ཕྱོགས་རང་བཙན་ཡིན་ལབ་ན་དེ་ལབ་པ་ཙམ་མིན་པར་དེ་བསྒྲུབ་པ་ལ་ཁོར་ཡུག་དང་དེར་ཐབས་ཤེས་གང་ཡོད་མེད་དང༌། རང་ཐག་རང་གཅོད་ཡིན་ན་དེ་བསྒྲུབ་པའི་ཁོར་ཡུག་དང་ཐབས་ཤེས་གང་ཡོད་པ་ད་ལྟ་ནས་བསམ་བློར་གྲ་སྒྲིག་དགོས་ཀྱི་རེད། དེ་མིན་པའི་སྒྲུབ་བྱ་གཞན་དག་ཀྱང་ཡོད་ཀྱི་རེད། ངས་གོ་ནོར་ཐེབས་མེད་ན། ཚོགས་གཙོས་ཚོགས་ཆེན་སྐོར་གསུངས་པ་དང་༧གོང་ས་མཆོག་གིས་བཀའ་གནང་བ་གཉིས་མཐུན་པོ་མི་འདུག ཚོགས་གཙོས་ཚོགས་ཆེན་དེ་བསམ་ཚུལ་བསྡུ་ས་ལྟ་བུར་གསུངས་འདུག ཚོགས་ཆེན་མ་འཚོགས་གོང་གྲོས་ཚོགས་ཀྱི་ངོས་ནས་ལམ་སྟོན་གསལ་བོ་མ་གནང་ན་མི་མང་དེ་ཚོ་མགོ་འཐོམས་ཀྱི་རེད། བཀའ་ཤག་དང་སྤྱི་འཐུས་ཚོས་༧གོང་ས་མཆོག་གི་དགོངས་གཞི་གསལ་པོ་མཁྱེན་གི་ཡོད་ཀྱི་རེད། ༧གོང་ས་མཆོག་གིས་ཚོགས་འདུ་འདིའི་སྒང་ལ་མི་མང་ཚོའི་བསམ་ཚུལ་སླེབས་ཐུབ་པའི་ཐུགས་རེ་གནང་གིན་འདུག ༧གོང་ས་མཆོག་གིས་ང་ཚོ་བཀའ་ཟུར་ཚང་མར་ཁྱེད་རང་ཚོར་བསམ་ཚུལ་ག་རེ་ཡོད་ན་ཚོགས་ཆེན་སྒང་ལ་གསལ་པོ་བྱས་ནས་བཤད་དགོས་པ་རེད་དཱ་ཞེས་གསུངས་སོང༌། རྩ་དོན་སྒང་ལ་གོ་བསྡུར་བྱེད་དགོས་ན་དེ་ལངས་ཕྱོགས་དང་ཐབས་ལམ་མ་གཏོགས་གཞན་ག་རེ་ལ་གོ་དགོས་པ་རེད། སྤྱི་འཐུས་ཚོགས་གཙོས་གཞི་རྩའི་སྲིད་བྱུས་ལ་འགྱུར་བ་འགྲོ་གི་མ་རེད་གསུངས་གི་ཡོད་ན་མི་མང་གིས་བསམ་ཚུལ་འཁྱེར་ཡོང་སྟངས་ལ་འགྱུར་བ་འགྲོ་རྒྱུ་མ་ཟད། རྩ་དོན་ཟེར་ན་མདོ་དོན་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་དེའི་ཐབས་ལམ་ཟེར་བ་ལས་གཞན་ག་རེ་ལ་གོ་དགོས་སམ། ལས་བྱེད་བགྲེས་ཡོལ་བ་ཚོགས་མིར་ཕེབས་ཕྱོགས་ཐད། ཚོགས་པ་ཁག་ལ་བསམ་འཆར་ཡོང་གི་འདུག་པ་དེའི་སྐོར་ལ་ང་རང་གི་བསམ་ཚུལ་ཡིན་ན་ལས་བྱེད་ཚོས་རང་དབང་གི་སྒོ་ནས་ཁ་གྲགས་མ་ཐུབ་ན་དགོངས་གཞི་ལྟར་དམིགས་ཡུལ་འགྲུབ་པར་གནོད་སྐྱོན་ཡོང་སྲིད་སྟབས། གཞུང་ནས་ད་ཐེངས་ཚོགས་ཆེན་རིང་གཞུང་ཞབས་ཚོར་རང་དབང་གི་བསམ་ཚུལ་བརྗོད་རྒྱུའི་གོ་སྐབས་གནང་ཐུབ་པ་ཡིན་ན། མང་ཚོགས་ཀྱི་རྣམ་རྟོག་སེལ་བ་བཅས་ཀྱི་དགེ་མཚན་ཡོང་ངེས། ང་ལ་མཚོན་ན་ཚོགས་འདུ་དེར་ཞུགས་ཀྱི་ཡིན་ལ་ད་དུང་དེའི་སྒང་ནས་རང་གིས་གང་བསམ་པ་དེ་བཤད་ཀྱི་ཡིན། མི་ཚེ་ཧྲིལ་བོར་བོད་མི་རིགས་ལ་ཞབས་ཞུ་བསྒྲུབས་པ་ཡིན་ལ་མི་ཚེ་མཐའ་མར་ཡང་བོད་མི་རིགས་ཀྱི་དོན་དུ་བསམ་ཚུལ་བཤད་ཀྱི་ཡིན། ཅེས་གསུངས་བྱུང༌།
སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས། ྋགོང་ས་མཆོག་གིས་བོད་ཕྱི་ནང་གི་གནས་སྟངས་མང་པོར་གཟིགས་ནས་ད་ལམ་གྱི་དམིགས་བསལ་ཚོགས་ཆེན་འཚོགས་དགོས་པའི་བཀོད་ཁྱབ་གནང་བ་རེད། ལྷག་པར་དུ་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཐད་མི་མང་གི་མངོན་འདོད་གསལ་རྟོགས་ཡོང་ཆེད། ནམ་རྒྱུན་ནས་རང་དབང་རང་བཙན་གསུང་སྡོད་མཁན་གང་ཟག་བྱེ་བྲག་པ་སྐུ་ཞབས་འཇམ་དབྱངས་ནོར་བུ་དང༌། ལྷ་བཟང་ཚེ་རིང་ལྟ་བུ་ཚོགས་ཞུགས་ཐུབ་པའི་ཐབས་ཤེས་གནང་གིན་ཡོད་ཚོད་རེད། དེ་ཧ་ཅང་གལ་ཆེན་རེད། ད་ལམ་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞིའི་སྐོར་ངས་ཚོད་དཔག་བྱེད་ཐུབ་པ་ཞིག་ནི། ད་ལོ་བོད་ནང་དུ་ཞི་བའི་ངོ་རྒོལ་ལས་འགུལ་བྱུང་བ་ནས་གསར་ལམ་ཁག་ཏུ་ནམ་རྒྱུན་བོད་དོན་ལ་དོ་སྣང་ཡོད་མཁན་སྐོར་ཞིག་གིས་བོད་ནང་གི་ཞི་རྒོལ་བ་རྣམས་ཀྱི་མངོན་འདོད་མཐར་ཐུག་རང་བཙན་ཡིན་སྐོར་གྱི་འགྲེལ་བཤད་རྒྱག་ཐབས་གནང་གིན་ཡོད་པ་དང༌། གཞུང་ཕྱོགས་ནས་རང་སྲིད་རང་སྐྱོང་གསུང་གིན་ཡོད་པ་དང༌། ཚོགས་ཆེན་ནང་ཟུང་དྲུང་ཡན་གྱི་གཞུང་ཞབས་གྲངས་འབོར་མང་བོ་ཕེབས་རྒྱུ་ཡིན་སྟབས། གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་བརྗོད་གཞི་དེ་གཉིས་ཀྱི་དགེ་སྐྱོན་སྐོར་གླེང་སློང་བྱེད་རྒྱུ་ཡིན་པ་ཧ་ཅང་གསལ་བོ་རེད། ང་ཚོར་དགོས་ངེས་ཅན་དེ་ལྟ་གྲུབ་དང་བསམ་ཚུལ་གྱི་རྩོད་པ་རྒྱག་རྒྱུ་དེ་མ་ཡིན་པར། རང་བཙན་དང་ལམ་དབུ་མ། ཡང་ན་དེ་མིན་གྱི་ཐབས་ལམ་གསར་བ་བཙལ་ཏེ་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཐོབ་ཐུབ་པའི་ལས་འགུལ་སྤེལ་རྒྱུ་དེ་ཡིན་མོད། ང་རང་གིས་ལོ་ངོ་༡༤ ལྷག་གི་རིང་བོད་གཞུང་དང་ཚོགས་སྡེ་ཁག་ལ་ཞབས་ཞུ་བསྒྲུབས་པའི་ཉམས་མྱོང་གི་ཐོག་ནས་བལྟས་ན། ང་ཚོའི་སྤྱི་ཚོགས་ཁྲོད་མ་འོངས་པའི་སྐོར་ལ་བསམ་བློ་གསར་བ་ཁུར་ཡོང་མཁན་དང༌། འགྱུར་བ་གཏོང་ཐུབ་མཁན་གྱི་བསམ་བློ་བ་དེ་འདྲ་དཀོན་པོ་རེད་བསམ་གྱིན་ཡོད། ཡང་ཕྱོགས་གཞན་ཞིག་ནས་བསམས་ན་རྒྱ་བོད་གཉིས་བར་གྱི་དཀའ་རྙོག་གི་ངོ་བོའི་ཆ་ནས་རྩ་དོན་སྒྲུབ་ཕྱོགས་ཀྱི་ལམ་ཁ་གསར་བ་གཞན་ག་རེ་གདམ་ཐུབ་རྒྱུ་རེད་དམ། ཧ་ཅང་ཁག་པོ་རེད། ངས་རང་བཙན་འདོད་ཀྱིན་ཡོད། ང་ལ་རང་བཙན་དགོས། རང་བཙན་ནི་བོད་མི་རིགས་ཀྱི་ཐོབ་ཐང་རེད་ཟེར་བ་ཙམ་དང༌། ཡང་ན་ལམ་དབུ་མ་ནི་ྋགོང་ས་མཆོག་གི་དགོངས་པ་རེད། ལམ་དབུ་མ་ནི་བོད་གཞུང་གི་ལངས་ཕྱོགས་རེད། ངས་དེ་ལ་བརྟེན་ནས་བདེན་མཐའ་སེལ་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད་ཟེར་བ་ཙམ་གྱིས་གྲུབ་འབྲས་ནམ་ཡང་ཐོན་མི་ཐུབ། འདི་གཉིས་བསམ་ཚུལ་རེད། འཆར་སྣང་ཙམ་ཡིན་པས་ཁ་ནས་བཤད་དུས་སྙིང་རྗེ་བོ་བཟོ་ཐུབ་ཀྱང༌། ཆབ་སྲིད་ནི་དངོས་ཡོད་ཡིན་སྟབས་ལག་ལེན་ལ་འགེལ་ཐུབ་རྒྱུ་དཀའ། ལྟ་གྲུབ་དང་བསམ་ཚུལ་བརྩད་ནས་ལོ་ངོ་སྟོང་ཕྲག་བསྐྱལ་ཡང་རྫོགས་མི་སྲིད་པ་ཡིན། ང་ཚོ་ལ་ཁ་ཚ་དགོས་གཏུགས་ཀྱིས་དགོས་ངེས་ཅན་ནི། སྔར་ལས་ལྷག་པའི་ནུས་པ་ཐོན་ཐབས་དང༌། རྒྱ་ནག་གི་དཔོན་རིགས་དང་མི་མང་དེ་ཚོར་འགུལ་སྐྱོད་རྒྱག་ཐུབ་པའི་ལམ་ཁ་ག་རེ་ཡོད་མེད་ལ་གོ་བསྡུར་དང༌། དེ་ལག་ལེན་བསྟར་ཐུབ་པའི་འཆར་གཞི་དང་གྲ་སྒྲིག་ཡོད་དགོས་པ་དེ་ཡིན། གསར་འགོད་པ་དང༌། མི་མང་ཚོས་བོད་རྒྱ་ཞི་མོལ་གྱི་གཞི་འཛིན་ས་ག་རེ་ཡིན་མིན་གསལ་བོར་རྟོགས་དགོས་པ་གལ་ཆེན་རེད་བསམ་གྱིན་འདུག ང་ཚོས་ད་བར་ངོས་འཛིན་བྱེད་ས་ནི་དབུ་མའི་ལམ་གྱི་གཞི་འཛིན་ཉག་གཅིག་ནི་ཞི་བའི་གྲོས་འཆར་དོན་ཚན་ལྔའི་འགྲེལ་བཤད་སི་ཊ་སི་སྦག་གི་གྲོས་འཆར་དེ་ཉིད་ཡིན་མོད། ཉེ་ལམ་ནས་བཀའ་ཤག་གིས་འགྲེལ་བཤད་རྒྱག་དུས། མི་རིགས་ས་གནས་རང་སྐྱོང་བཤད་ཀྱིན་འདུག མི་རིགས་ས་གནས་རང་སྐྱོང་ཟེར་བ་དེ་ྋགོང་ས་མཆོག་གི་གྲོས་འཆར་སྔ་ཕྱི་གཉིས་སུ་མེད། དེས་ན་ཉེ་ལམ་བཀའ་ཁྲིས་གྲོས་འཆར་དེ་དག་གི་སྔོན་གླེང་འཆར་སྣང་ཙམ་ཡིན་ཚུལ་དང༌། གྲོས་འཆར་དེ་རང་བཞིན་གྱིས་ནུས་མེད་དུ་ཕྱིན་ཡོད་ཚུལ་གསུངས་ཡོད་པ་རེད། ང་ཚོའི་དྲི་བ་ནི། དེ་ནུས་མེད་དུ་ཇི་ལྟར་སོང་བ་རེད་དམ་ཞེས་པ་འདི་རེད། ཐོག་མར་གྲོས་འཆར་ས་བོན་བཟོ་སྐབས་གཞུང་དམངས་གཉིས་ཀྱིས་གྲུབ་པའི་བསམ་ཡོད་མི་གྲངས་བརྒྱ་ཕྲག་མང་པོས་རྣམ་དཔྱོད་བཏོན་ཏེ་གཏན་འབེབས་བྱས་པ་ཞིག་རེད། དེས་ན་དེ་ཉིད་ཤེས་མེད་ཚོར་མེད་ངང་ནུས་མེད་འགྲོ་ཐུབ་པ་ཞིག་མིན། རྒྱལ་བ་རིན་པོ་ཆེ་ཡིས་དམིགས་བསལ་སྐུ་དབང་གི་ཐོག་ནས་སམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་བཞག་ནས་སམ། ཡང་ན་ཐོག་མར་གཏན་འབེབས་བྱེད་མཁན་ཚོགས་ཆེན་གྱིས་ནུས་མེད་བཟོས་པ་ཡིན་ནམ། དེ་མིན་རང་དགར་ནུས་མེད་དུ་འགྲོ་བའི་ལམ་ཁ་ཞིག་ཡོད་པ་མ་མཐོང༌། ངས་བལྟས་ན་བོད་མི་ཡིན་ནོ་ཅོག་གིས་རེ་བ་དང༌། དད་མོས། བློས་འགེལ་ཙམ་ལ་སྐྱབས་སུ་སོང་བ་མ་ཡིན་པར། ང་ཚོ་སྐྱབས་བཅོལ་ཙམ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་འབྲེལ་བའི་རྩ་དོན་གྱི་ཁ་ཕྱོགས་གང་དུ་འགྲོ་བཞིན་པ་སོགས་ལ་བདག་པོ་རྒྱག་ཤེས་རྒྱུ་གལ་ཆེན་རེད་བསམ་གྱིན་འདུག ཅེས་གསུངས་བྱུང༌།
ནོར་གླིང་བོད་ཀྱི་རིག་གཞུང་ལྟེ་གནས་ཀྱི་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག་གིས། ཚོགས་འདུ་འདིའི་སྐོར་ལ་མཚོན་ན་ད་ལོའི་སྒེར་ལངས་ཀྱི་བྱུང་རྐྱེན་དང༌། རྒྱལ་སྤྱིའི་གནས་བབ་གཉིས་གཞི་ལ་བཞག་ནས་བོད་ཀྱི་རྩ་དོན་ཐད་གོ་བསྡུར་བྱེད་རྒྱུ་དེ་རེད། མི་ལོ་ལྔ་བཅུའི་རིང༌། བོད་རང་བཙན་དང༌། དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་རྩོད་ལེན་བྱེད་པ་གཉིས་རྩ་དོན་དུ་བཟུང་བ་རེད། འདི་འགྱུར་བ་ཆེན་པོ་གཉིས་རེད། ད་ལྟའི་ང་ཚོའི་གཞུང་འབྲེལ་སྲིད་བྱུས་ནི་དབུ་མའི་ལམ་རེད། འདི་གཞི་འཛིན་ས་གཅིག་རེད། ཡང༌། དེ་རིང་ཁ་སང་གི་དཔྱད་བརྗོད་པ་ཚོས་ཚོགས་ཆེན་སྒང་ལ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་གང་ལ་འགྲོ་མིན་ལྟ་བུ་ཞིག་བཤད་ཀྱི་འདུག དེ་ནི་མདུང་ཁ་ནང་ལ་བསྐོར་བ་ཙམ་ལས་ཕན་ཐོགས་ཡོད་པ་མ་རེད་བསམ་གྱི་ཡོད། རང་བཙན་བཤད་མཁན་དང་ལམ་དབུ་མ་བཤད་མཁན་ཚང་མས་བོད་ཀྱི་རྩ་དོན་བཤད་ཀྱིན་ཡོད་པ་འདྲ་འདྲ་རེད་དེ། གྲུབ་འབྲས་ཀྱི་ཁྱད་པར་ལ་བལྟ་དགོས་པ་རེད། དངོས་འབྲེལ་བྱས་ན། ལྔ་བཅུ་ང་དགུ་ནས་དོན་དགུ་བར་བོད་རང་བཙན་གྱི་སྲིད་བྱུས་བཟུང་བ་རེད། དེར་གྲུབ་འབྲས་མ་ཐོན་པ་འདྲ་བོ་རེད། རང་བཙན་གྱི་ལྟ་བ་འཛིན་མཁན་གྱི་ཚོགས་པ་དང་མི་སྒེར་དེ་ཚོས་ཀྱང་ཁ་ནས་བཤད་རྒྱུ་གཙོ་བོ་དང་ལས་ཀ་བྱེད་རྒྱུ་ཕལ་བ་འདྲ་ཞིག་བྱེད་ཀྱིན་པའི་ཚོར་བ་སྤྲོད་ཀྱི་འདུག འདི་གནད་དོན་གཅིག་རེད། བདུན་ཅུ་དོན་དགུ་ལོ་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་རེད། དབུ་མའི་ལམ་དེ་ནི་ང་ཚོས་རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་འགྱུར་བ། བོད་རང་གི་གནས་སྟངས་བཅས་དང༌། ནང་སྒོས་སུ་བོད་དང་རྒྱ་ནག་གཉིས་ཀ་ལ་ཕན་པའི་ཆ་ཞིག་གཙོ་བོར་བཟུང་ཡོད་པ་རེད། གཉིས་ཕན་ཟེར་དུས་ཕྱོགས་གཉིས་ཀ་ནས་བློས་གཏོང་དགོས་པ་དེ་བློས་གཏོང་དགོས་པ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་བློས་གཏོང་དགོས་པ་དེ་མ་བཏང་ནས་དབུ་མའི་ལམ་འདི་ཕྱེད་རང་བཙན་ཅིག་ལ་ངོས་འཛིན་བྱས་པའི་དབང་གིས། འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་རེད། མཐའ་མ་དེར་ཏཱ་ལའི་བླ་མ་ལ་བོད་མི་མང་གི་བདེ་སྡུག་བཤད་པའི་ཐོབ་ཐང་ཡོད་པ་མ་རེད་ཅེས་བཤད་ཡོད་པ་རེད། འདི་ནི་དབུ་མའི་ལམ་དེ་རྒྱ་ནག་གཞུང་གིས་ཁས་མ་བླངས་པ་ཟེར་ནའང་འདྲ། བོད་ཀྱི་དོན་དག་བཤད་འདོད་མེད་པས་རེད་ལབ་ནའང་འདྲ། ད་ལྟ་ང་ཚོར་ལན་རག་བསྡད་པ་དེ་རེད། ད་ལོའི་སྒེར་ལངས་ཆེན་མོའི་བྱུང་རྐྱེན་གླེང་དགོས་ན། རྒྱ་ནག་གཞུང་གིས་བོད་དོན་ལ་ལྟ་སྟངས་དེ་གླེང་དགོས་པ་ཡིན་སྟབས། ཚོགས་ཆེན་སྒང་ནས་ལས་དོན་སྒྲུབ་སྟངས་དང་ཁ་གཏད་གཅོག་སྟངས་ལ་བསྐྱར་ཞིབ་གཙང་མ་ཞུས་པའི་ཐོག་ནས་ལས་འགན་ངོས་འཛིན་གསལ་པོ་དང༌། ལག་ལེན་དངོས་ཀྱི་སྐབས་ལ་འགན་ག་རེ་འཁྱེར་རྒྱུའི་ཆོད་སེམས་བརྟན་པོ་ཞིག་འཇོག་དགོས་པ་དེ་གལ་ཆེན་པོ་རེད། དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་དང་རང་བཙན་གྱི་ལྟ་བ་འཛིན་མཁན་ཕྱོགས་གཉིས་ཀས་བསྐྱར་ཞིབ་བྱེད་དགོས་པ་རེད། དེ་འདྲའི་བསམ་བློ་གསར་བ་ཞིག་གི་སྒང་ནས་མགོ་འཛུགས་དགོས་པ་རེད་བསམ་གྱི་ཡོད། དེ་མིན་རང་བཙན་དང་དབུ་མའི་ལམ་གང་ལ་འགྲོ་མིན་བཤད་ན་དེ་གདམ་ཀ་ཞིག་རེད་མ་གཏོགས་རྩ་དོན་གྱི་སྒྲུབ་ཕྱོགས་བཤད་པ་ཞིག་མ་རེད། མི་མང་པོས་ང་ཚོས་དབུ་མའི་ལམ་ལ་འོས་ཤོག་འཕེན་གྱི་ཡིན་ཟེར་གྱི་ཡོད་པ་རེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མིན་གྱི་ཚོགས་འདུ་མ་རེད། འོས་ཤོག་དེ་སྔོན་མར་འཕངས་ཟིན་པ་རེད། ད་ནི་ང་ཚོ་གནས་སྟངས་གང་ལ་སླེབས་འདུག ག་རེ་བྱས་ན་དགའ་ས་རེད་དེ་ལ་གོ་བསྡུར་བྱེད་དགོས་པ་རེད་མ་གཏོགས། དབུ་མའི་ལམ་དང་རང་བཙན་གཉིས་བར་གྱི་འཐབ་རྩོད་ལྟ་བུ་ཞིག་བཤད་བསྡད་པ་ཡིན་ན། ༧གོང་ས་མཆོག་གིས་ཐུགས་རེ་གནང་བའི་དགོངས་གཞི་སྒྲུབ་པ་ཞིག་ཆགས་ཀྱི་མ་རེད། སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་ཡིན་ནའང་དབུ་མའི་ལམ་འདི་ལོ་ཅི་ཙམ་ནས་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པ་ཡིན་ན། རྩ་བའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུའི་དུས་བཀག་ལྟ་བུ་བཟོ་བ་ནི་གནད་འགག་རེད། ཡང་ལ་ལས་ཚོགས་ཆེན་གྱི་སྟེང་ལ་འཐུས་མི་ཡོང་སྟངས་ཀྱི་མང་ཉུང་ཞིག་བཤད་ཀྱི་ཡོད་པ་རེད། ཚོགས་པ་དེ་ཚོའི་སྐུ་ཚབ་མང་ཉུང་གིས་ཁྱད་པར་འགྲོ་གི་མ་རེད་བསམ་གྱི་ཡོད། ཚོགས་པ་ལ་དང་པོ་ནས་ཚོགས་པའི་ལངས་ཕྱོགས་ཤིག་ཡོད་པ་རེད། ༧གོང་ས་མཆོག་གི་ཐུགས་རེ་དེ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རྒྱུ་དེ་རེད་ལ། བསམ་ཚུལ་བསྡུ་བའི་ཐོག་ནས་མཐའ་མའི་ཐག་གཅོད་དེ་མང་ཚོགས་ཀྱི་ལག་པར་བཞག་ཡོད་རེད། ཚོགས་པའི་ལངས་ཕྱོགས་དེ་མི་མང་གི་ལངས་ཕྱོགས་ཡིན་པས་ཁྱབ་གི་མ་རེད། དེ་ཡིན་དུས་སྐུ་ཚབ་ཀྱིས་ཁྱད་པར་འགྲོ་གི་མ་རེད། ཚོགས་ཆེན་སྟེང་མང་ཚོགས་ཀྱི་བསམ་ཚུལ་སླེབས་དགོས་པ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།
ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་ཕྲུག་ཤཱ་སྟྟྲི་ལགས་ཀྱིས། ཤེས་རབ་དགའ་ཚལ་སློབ་གླིང་ནི་ཤེས་རིག་ཁྱབ་ཁོངས་སུ་གནས་པའི་སྡེ་ཚན་ཞིག་ཡིན་ལ། ད་ལྟའི་ཆར་གོང་རིམ་ནས་ང་ཚོར་ཚོགས་ཆེན་དང་འབྲེལ་བའི་ལམ་སྟོན་བཀའ་སློབ་ཅི་ཡང་གནང་མ་སོང༌། ངས་ཚགས་པར་སྟེང་ནས་འགན་འཛིན་ཚོགས་བཅར་དགོས་པའི་སྐོར་གྱི་གནས་ཚུལ་མཐོང་བ་ཡིན་པས། ད་ལྟའི་ཆར་ཚོགས་ཆེན་ལ་དམིགས་པའི་བསམ་འཆར་བསྡུ་ལེན་དང༌། ཚོགས་ཆུང་བསྡུ་སྐོང་སོགས་གྲ་སྒྲིག་ཅི་ཡང་བྱས་མེད། བསམ་འཆར་འཁྱེར་སྟངས་ཐད་ནས་ང་ཚོའི་སློབ་གྲྭ་འདི་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ལྟ་བུ་ཆགས་ཡོད་པས། སློབ་མའི་ནང་ཁུལ་དུ་བསམ་ཚུལ་འདྲ་མིན་ཡོད་སྲིད་པ་རེད་ལ། སློབ་མའི་བསམ་ཚུལ་འཁྱེར་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག ང་རང་ཉིད་ཀྱི་ངོས་ནས་གཞུང་གི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ལས་དོན་གང་ཡིན་ཡང་གཞུང་གི་སྒྲིག་གཞི་དང་བསྟུན་ཏེ་ལས་དགོས་ཀྱི་རེད། ཡིན་ནའང༌། ད་ལྟའི་འཛམ་གླིང་གི་འགྱུར་བ་དང་བོད་ནང་གི་གནས་སྟངས་གང་ལ་བལྟས་ཀྱང་༧གོང་ས་མཆོག་གིས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་འོས་ཤིང་འཚམ་པ་དང༌། ཡང་དག་པ་ཞིག་ཏུ་མཐོང་གི་ཡོད། ཐེངས་འདིའི་ཚོགས་ཆེན་སྒང་ལའང་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་འགྱུར་བ། མ་འོངས་བོད་ཀྱི་ལས་དོན་ཐད་བསམ་འཆར་འཁྱེར་རྒྱུ་དེ་གལ་ཆེན་རེད་བསམ། ཅེས་གསུངས་བྱུང༌།
སྒྲོལ་མ་གླིང་གི་འགན་འཛིན་དགེ་བཤེས་རིན་ཆེན་ལགས་ཀྱིས། སྒྲོལ་མ་གླིང་དུ་མི་རིགས་རིས་མེད་དང་ཆོས་ལུགས་རིས་མེད་ཀྱི་བཙུན་མ་ ༢༢༠ ལྷག་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ལ་དམིགས་པའི་འཐུས་མི་འདེམས་ཐོན་བྱུང་མེད། ཡིན་ནའང༌། བསམ་ཚུལ་བསྡུ་རུབ་དཻ་ཉེ་ཆར་དབུ་མའི་ལམ་གྱི་འོས་ཤོག་བསྡུ་སྟངས་ཐོག་བཙུན་མ་ཚོའི་བསམ་ཚུལ་གསལ་བོར་ཤེས་ཡོད། ཐེངས་འདིའི་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་ལ་གཞིགས་ན། བཙུན་མའི་བརྒྱ་ཆ་ ༧༠ ནས་ ༨༠ ལྷག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་པ་དང༌། བརྒྱ་ཆ་ ༢༠ ལྷག་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ང་ཚོས་དམངས་གཙོའི་སྒྲིག་འཛུགས་དང་སྲིད་བྱུས་ལག་ལེན་བྱེད་བཞིན་པའི་ཆ་ནས་དེ་དག་ཡོང་ཆོག་པ་ཞིག་རེད། དེ་ལྟ་ནའང༌། ད་ལྟའི་དུས་འདིར་ཤེས་ལྡན་པ་མ་གཏོགས་མང་ཚོགས་ནང་ཁུལ་དུ་དབུ་མའི་ལམ་དེ་གང་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད་པའི་གནས་ཚུལ་འདུག མི་མང་པོ་ཞིག་གིས་དེ་༧གོང་ས་མཆོག་གིས་གནང་བའི་བཀའ་ཡིན་པ་མ་གཏོགས་དོན་དངོས་སུ་གང་འདྲ་ཞིག་ཡིན་པ་ཤེས་ཀྱི་མེད་པ་རེད། དེའི་ཐད་ལ་བགྲོ་གླེང་དང༌། རྒྱ་ཆེའི་མི་དམངས་ལ་གོ་བརྡ་སྤྲོད་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག ཐེངས་འདིའི་ཚོགས་ཆེན་ལ་སྒྲོལ་མ་གླིང་ནས་དབུ་མའི་ལམ་གྱི་སྟེང་བསམ་ཚུལ་འཁྱེར་རྒྱུ་དེ་གཙོ་བོ་ཆགས་ཡོད། ལམ་དབུ་མའི་སྟེང་བསམ་ཚུལ་འཁྱེར་བ་དེ་༧གོང་ས་མཆོག་རྩ་བའི་བླ་མ་ཡིན་པ་དང་དབུ་ཁྲིད་ཡིན་པའི་ཐད་ནས་མ་ཡིན་པར་འཛམ་གླིང་གི་གནས་སྟངས་དང༌། འགྱུར་བ། བོད་ཀྱི་མ་འོངས་པར་བསམ་བློ་བཏང་བ་ཡིན་ན་དབུ་མའི་ལམ་དེ་ཁེ་ཕན་ཆེ་ཤོས་ཀྱི་སྲིད་བྱུས་ཤིག་རེད། ང་ཚོ་བོད་གཅིག་པུ་མ་ཡིན་པར་རྒྱ་ནག་མི་དམངས་ལའང་ཁེ་ཕན་ཡོད་བསྡད་པ་ཞིག་རེད། ད་ལྟའི་འཛམ་གླིང་གི་འགྱུར་འགྲོས་ལ་གཞིགས་པ་ཡིན་ནའང་ལམ་ཁ་འདི་ནི་ང་ཚོ་ལ་འོས་ཤིང་འཚམ་པ་ཞིག་རེད། དེ་༧གོང་ས་མཆོག་གི་བཀའ་ཡིན་པས་བརྩིས་པ་ཞིག་གཏན་ནས་མ་རེད། ཐེངས་འདིར་གཞུང་མང་གཉིས་ཀྱི་འཐུས་མིའི་མང་ཉུང་དབྱེ་བ་དེ་ཡག་པོ་མ་རེད། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་ཡང་མཐའ་མའི་དམིགས་ཡུལ་དེ་གཅིག་ཡིན་པའི་ཆ་ནས་འཐུས་མི་མང་ཉུང་འདྲ་མཉམ་དང༌། ཚོགས་མི་གང་མང་མང་ཞིག་སླེབས་ཐུབ་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།
བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལས་ཚབ་ལེགས་བཤད་བསྟན་པ་ལགས་ཀྱིས། ང་ཚོ་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་འདེམས་སྟངས་དེ། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དང༌། སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་མི་སྣ་བཅར་དགོས་པ་རེད། སློབ་གྲྭའི་བསམ་ཚུལ་བསྡུ་སྟངས་འགན་འཛིན་ལྷན་ཚོགས་ནས་སློབ་གྲྭ་ཁག་གི་སྡེ་ཚན་སོ་སོ་ནས་འགན་འཁུར་རྗེས་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་དང༌། བསམ་ཚུལ་ཆ་ཚང་ཞིག་ལེན་རྒྱུའི་ཐད་ལ་འབད་བརྩོན་བྱེད་ཀྱི་ཡོད། སྤྱི་ཟླ་ ༡༡ པའི་ཡར་སྔོན་བར་ང་ཚོའི་ངོས་ནས་སློབ་མ་དེ་དག་གི་མ་འོངས་པའི་སློབ་སྦྱོང་སྤྲོད་སྟངས་དང༌། སློབ་མའི་སློབ་སྦྱོང་གི་གནས་སྟངས་སྐོར་སོགས་སློབ་གྲྭ་ཁག་གི་བསམ་ཚུལ་མཐའ་དག་བསྡུ་ལེན་བྱས་ཏེ་ཚོགས་ཆེན་ལ་འཁྱེར་རྒྱུ་དེ་ཡིན། ཐེངས་འདིའི་ཚོགས་ཆེན་སྟེང་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་ཐད་སོ་སོར་བསམ་ཚུལ་མ་འདྲ་ཡོད་པ་རེད་ལ། ཡོད་ཆོག་གི་རེད། ང་རང་གི་ངོས་ནས་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་དེ་ཁྱད་པར་མཐོང་གི་མི་འདུག སྲིད་བྱུས་ལ་འགྱུར་བ་འགྲོ་མིན་གང་ཡིན་རུང༌། ང་ཚོས་རྒྱ་ནག་གིས་ཅི་བྱས་པ་དེ་ལ་བརྡ་ལན་ཞིག་སྤྲོད་དགོས་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐབས་ལམ་ཞིག་རེད། རང་བཙན་རྩོད་པ་དེ་བོད་མི་མང་ལ་བདེ་སྐྱིད་རག་དགོས་པའི་ཐོབ་ཐང་ཞིག་རེད། ཚོགས་ཆེན་འདིས་ནང་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་གྱི་ལྟ་བ་མི་འཁྱེར་པར་རྡོག་རྩ་གཅིག་སྒྲིལ་སྒོས། ད་ལྟའི་བར་རྒྱ་མིས་ང་ཚོ་ལ་གང་བྱས་པ་དེ་ལ་སྡོམ་བརྒྱབ་སྟེ་ང་ཚོས་ཅི་ཞིག་བྱེད་དགོས་པའི་སྐོར་ལ་གྲོས་བསྡུར་བྱེད་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།