ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ཞེ་བརྒྱད་འཁོར།

རྒྱ་གཞུང་ལ་འབོད་སྐུལ་ཞུ་རྒྱུར། གནང་ལ་ཉེ་བའི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། བོད་དོན་འདི་ཉིད་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མིན་པར་གཞིས་བྱེས་བོད་མི་ཡོངས་དང༌། རྒྱ་ནག་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་བདེ་རྩར་ཐུག་ཡོད་པ་དེར་རྒྱ་གཞུང་གིས་ངོས་ཟིན་གསལ་བོ་དགོས། ཞེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ངྷ་སྟེང་བོད་ཁྱིམ་གྱི་མཛད་སྒོ་དང་སྟབས་བསྟུན་ཏེ་གསུངས་ཡོད།

 

 

ཕྱི་ཚེས་ ༢༥ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙས་ཏེ་མི་ལོ་ཧྲིལ་བོ་ ༤༨ འཁོར་བའི་དུས་དྲན་སྲུང་གཙི་ཟབ་རྒྱས་ངང་ཞུས་ཡོད། ཞོགས་པའི་ཉི་ཟེར་བོད་ཁྱིམ་སློབ་གྲྭའི་ཁོར་ཡུག་ཡོངས་སུ་འཕྲོས་དང་ཆབས་ཅིག སློབ་བུ་ཆུང་ཆུང་དག་གི་རོལ་མོའི་རམ་འདེགས་དང་གླུ་གཞས་འཁྲབ་སྟོན་དབུས། ༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་དང་རྒྱལ་བ་ཀརྨ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་དང་སྤྱི་འཐུས་རྣམ་པ། བཀའ་ཤག་ལྷན་རྒྱས་དང་གཞུང་ཞབས་རྣམ་པ། ཚོགས་པ་སྒྲིག་འཛུགས་ཁག་གི་མགོ་གཙོ་དང་ཕྱི་རྒྱལ་རོགས་ཚོགས་ཁག་གི་སྐུ་མགྲོན་བཅས་བཞུགས་ཁྲིར་བཀོད་རྗེས་མཛད་སྒོ་དངོས་སུ་དབུ་འཛུགས་བྱས་ཤིང༌། སྐབས་དེར་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་ཀྱིས་ལོ་འཁོར་ལས་སྡོམ་སྒྲོག་སྦྱོང་གནང་དོན། ངྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནི་སྤྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡༧ ཉིན་བཙན་བྱོལ་བོད་མིའི་བུ་བཅོལ་ཁང་གི་མིང་ཐོག་ལ་བཙུགས་ཤིང༌། སྐབས་དེར་ལོ་བཅོ་ལྔ་མན་གྱི་ལམ་བཟོ་བའི་བུ་ཕྲུག་ ༥༡ ཙམ་ལ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་མཆོག་གིས་ཐུགས་འགན་བཞེས་ཤིང༌། འགྲོ་གྲོན་སྐུ་སྒེར་ནས་ཕུལ་ཏེ་སློབ་གྲྭ་འདི་ཉིད་དབུ་བརྙེས། ༡༩༦༤ ལོ་ནས་སྐུའི་གཅུང་མོ་རྗེ་བཙུན་པདྨ་མ་མཆོག་གིས་ལས་དོན་མཇུག་སྐྱོང་གནང་ཡོད། ད་ཆར་སེ་ལ་ཁོལ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ལ་ཚན་རིག་སྡེ་ཚན་འཛུགས་འཆར་ཡོད། ངྷ་སྟེང་བོད་ཁྱིམ་ཚན་རིག་སྡེ་ཚན་ནང་སློབ་བུ་ཉུང་དུ་འགྲོ་བཞིན་ཡོད་པའི་སྣང་ཚུལ་ཡོད་ཀྱང༌། ༧གོང་ས་མཆོག་གི་ཐུགས་རེ་བཞིན་ཡར་རྒྱས་ཐད་འབད་འབུངས་སྔར་བཞིན་བྱ་འཆར་ཡོད།

 

ད་ལོ་རྒྱ་བལ་འབྲུག་གསུམ་ནས་སློབ་ཕྲུག་གསར་འཇུག་བྱུང་པ་ ༥༣༢ དང༌། བོད་ནས་འབྱོར་བ་ ༢༢༤ ། ཁྱོན་སྡོམ་བུ་ཕྲུག་ ༦༥༦ ཙམ་སློབ་འཇུག་བྱས་ཡོད། བོད་ཁྱིམ་སློབ་གྲྭ་ཁག་བདུན་ནས་འཛིན་རིམ་བཅུ་བའི་ཡིག་རྩལ་གཏོང་མཁན་ ༦༧༣ ཡོད་པ་དང༌། ཡིག་རྩལ་འཕྲོད་པ་ ༥༦༦ དང༌། སླར་གཏོང་དགོས་པ་ ༡༠༤ ། རྒྱུགས་མ་འཕྲོད་པ་ ༣ ཡོད།

 

ཡིག་རྩལ་འཕྲོད་པའི་བརྒྱ་ཆ་ ༨༤  ༡༠ ཡིན། བོད་ཁྱིམ་སློབ་ཁག་གསུམ་ལས་འཛིན་རིམ་བཅུ་བའི་རྒྱལ་ཡོངས་ཡིག་རྩལ་གཏོང་མཁན་ ༤༣༦ ཡོད་པ་དང༌། ཡིག་རྩལ་འཕྲོད་པ་ ༤༡༠ དང༌། སླར་གཏོང་དགོས་པ་ ༢༣ ། རྒྱུགས་མ་འཕྲོད་པ་ ༦ ཡོད། ཡིག་རྩལ་འཕྲོད་པའི་བརྒྱ་ཆ་ ༩༣  ༣༦ ཡིན། སློབ་ཕྲུག་ནང་སྨྱོས་རྫས་བེད་སྤྱོད་གཏོང་མཁན་ ༨ ཙམ་ཤེས་རྟོགས་བྱུང་ཡོད་ཅིང༌། ཉིས་སྟོང་དགུ་ལོ་ནས་དེ་རིགས་མི་འབྱུང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན།

 

གླ་ཡོད་སློབ་ཕྲུག་དང་ལས་བྱེད་གྲངས་འབོར། གཏན་སློབ་གྲངས་ ༩༥༩༩༩ དང༌། ཉིན་སློབ་གྲངས་ ༢༢༡༣ ཡོད་ལ། མཐོ་རིམ་སློབ་གཉེར་བ་ ༡༢༣༥ དང༌། ལག་ཤེས་སློབ་གཉེར་བ་ ༦༤༦ ། ཆུ་གློག་སྡེ་ཚན་ཁོངས་ ༢༡༧༢ ཡོད། ལས་བྱེད་གྲངས་ ༡༣༣༡ ། འཕྲལ་སེལ་ལས་བྱེད་ཆོད་གན་ལས་བྱེད་ ༡༩༢ ། བགྲེས་ཡོལ་དུ་ཕེབས་པ་ ༡༦༨ ཡོད། ཁྱོན་སྡོམ་ཚོགས་སྡེ་འདིར་མི་འབོར་ ༡༧༤༥༦ ཙམ་ཡོད། སྤྱི་ལོ་ ༡༩༦༠ ནས་ད་བར་ཚོགས་སྡེ་འདིར་སློབ་འཇུག་བྱས་པ་གཏན་སློབ་ནང་ ༣༦༥༢ དང༌། ཉིན་སློབ་ནང་ ༨༢༣༣ ། ཁྱོན་སྡོམ་ ༤༤༧༣༥ ཙམ་བྱུང་ཡོད།

 

སྤྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༡ ནས་ད་ལོའི་ཟླ་ ༣ ཚེས་ ༣༠ བར་རོགས་དངུལ་འབྱོར་བ་རྒྱུན་གྲོན་ཐོག་ཧིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ ༢༧༥༤༢༥༠༨༩ ལྷག་ཡིན་ལ། དམིགས་བཀར་འཆར་གཞིའི་ཐོག་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ ༡༨༣༠༠༨༨༧༦ ཙམ་ཡིན་ཞིང༌། ཁྱོན་སྡོམ་ཧིན་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ ༤༥༨༤༣༣༦༦༥ ཙམ་ཡིན། སོང་འབོར་དེ་རྒྱུན་འགྲོན་ལས་ཧིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ ༢༣༤༣༠༠༠༦༨ ཡིན་ཞིང༌། དམིགས་བཀར་འཆར་གཞི་ལས་ཧིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ ༡༥༤༠༨༢༠༥༥ ཙམ་དང༌། སོང་འབོར་སྡོམ་པའི་དུང་ཕྱིར་གསུམ་དང་བྱེ་བ་བརྒྱད་༣༨༨༣༩༢༡༢༣ ཙམ་ཡིན།

 

བྷེང་ལོར་མཐོ་སློབ་འཛུགས་སྐྲུན་བྱེད་མུས་དེར་༧གོང་ས་མཆོག་གིས་ཧིན་སྒོར་ས་ཡ་ ༢ དང་རྒྱལ་བ་ཀརྨ་པས་ཧིན་སྒོར་ས་ཡ་ ༡ བཅས་བསྩལ་གནང་བྱུང་ཡོད་ལ། ལས་གཞི་དེར་ལྷ་ལྕམ་རྗེ་བཙན་པད་མ་མཆོག་གིས་ཐུགས་འགན་གཙོ་བཞེས་གནང་མུས་ཡིན། ད་ལོ་དགེ་རྒན་འོས་སྦྱོང་སྡེ་ཚན་གནས་སྤོ་ཟིན་པ་དང༌། རིམ་བཞིན་ཤེས་ཡོན་སློབ་སྦྱོང་དབུ་འཛུགས་ཞུ་རྒྱུ་ཡིན། འདི་དག་ཡོངས་༧གོང་ས་མཆོག་དང་སྐུ་གཅེན་ཚེ་རིང་སྒྲོམ་མ་དམ་པ། ལྷ་ལྕམ་རྗེ་བཙུན་པད་མ་བཅས་ཀྱི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན། ཞེས་ངོ་སྤྲོད་གནང་བྱུང༌།

 

དེའི་རྗེས་སུ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། ༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་ཕུགས་རྒྱང་རིང་པོའི་དགོངས་བཞེས་གལ་ཆེན་གཅིག་དེ་སློབ་གྲྭ་ཁག་ཡིན་ལ། ང་ཚོ་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཁག་ལས་གལ་ཆེ་ཤོས་དེ་ཡང་སློབ་གྲྭ་ཁག་ཆགས་ཡོད། ད་བར་ཡར་རྒྱས་གང་འཚམ་སོང་འདུག་མོད། ད་དུང་ཡར་རྒྱས་གཏོང་རྒྱུ་ཧ་ཅང་མང་པོ་ལྷག་འདུག་བསམ་པ་བྱུང་སོང༌། ༧གོང་ས་མཆོག་གི་དགོངས་གཞི་རླབས་ཆེན་ཁག་དང་བཙན་བྱོལ་གཞུང་གི་ལས་འཆར་ཁག ཤེས་རིག་གི་སྲིད་བྱུས་ལས་དོན་ཁག་གི་སྟེང༌། སྐབས་སྐབས་སུ་ཕེབས་ཐུབ་མཁན་དཀོན་པོ་ཆགས་ཀྱིན་ཡོད། ཅེས་གསུངས་བྱུང༌།

 

ཡང་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་གསུང་བཤད་གནང་དོན། ༧གོང་ས་མཆོག་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་མ་ཐག་ནས་བོད་མིའི་ཤེས་ཡོན་ཐད་ཐུགས་འཁུར་ཆེན་པོ་གནང་བ་ལྟར། སྐུ་གཅེན་ཚེ་རིང་སྒྲོལ་མ་དང་སྐུའི་གཅུང་མོ་རྗེ་བཙུན་པད་མ་དེ་བཞིན་དགེ་ལས་ཚང་མའི་ཧུར་བརྩོན་འོག ༧གོང་ས་མཆོག་གི་ཐོག་མའི་ཐུགས་རེ་བཞིན་འགྲུབ་འདུག་ལ། ད་དུང་མུ་མཐུད་དུ་ཧུར་ཐག་གིས་ཡར་རྒྱས་གཏོང་དགོས་ཀྱིན་འདུག གོ་སྐབས་འདི་བཟུང་སྟེ། ལས་དོན་གལ་ཆེན་གཉིས་ཞུ་རྒྱུ་ཡོད། དང་པོ། རྒྱ་གཞུང་ལ་འབོད་སྐུལ་ཞུ་རྒྱུར། གནང་ལ་ཉེ་བའི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། བོད་དོན་འདི་ཉིད་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་མིན་པར་གཞིས་བྱེས་བོད་མི་ཡོངས་དང༌། རྒྱ་ནག་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་བདེ་རྩར་ཐུག་ཡོད་པ་རྒྱ་གཞུང་གིས་ངོས་ཟིན་གསལ་བོ་དགོས། གཉིས་པ། བོད་མི་ཡོངས་ལ་འབོད་སྐུལ་ཞུ་རྒྱུར། ༧གོང་ས་མཆོག་གི་བཀའ་བཞིན་མི་འགྱངས་པར་བོད་དོན་ཐོག་དམིགས་བསལ་ཚོགས་ཆེན་ཐོག་མ་འཚོགས་འཆར་ཐད། བདེན་པ་མིན་པའི་དཀྲོགས་གཏམ་རེ་ཁྱབ་བཞིན་འདུག་སྟབས་ཚང་མས་ཡིད་གཟབ་གནང་དགོས། གསལ་བཤད་ཞུ་རྒྱུ་ཞིག་ལ། བཅའ་ཁྲིམས་དོན་ཚན་ང་དགུའི་ནང་གསེས་དང་པོར། ཛ་དྲག་དང་གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་གྲོས་བསྡུར་དགོས་པའི་གནས་ཚུལ་བྱུང་སྐབས། ཞེས་བཀོད་ཡོད་སྟབས། ད་རེབ་ཀྱི་ཚོགས་ཆེན་ཐོག་ནས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་འོས་ཚད་བསྡུར་བའི་ལམ་ནས་འགྱུར་བ་གཏོང་རྒྱུའི་དབང་ཚད་མེད།

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply