རྒྱ་ནག་གིས་བཤད་དོན། ཏཱ་ལའི་བླ་མ་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་ཏང་ཀྲུང་དབྱང་ལ་འབྲེལ་བ་ཇེ་ལེགས་སུ་གཏོང་འདོད་ཡོད་ན། ཕྱི་ཟླ་བདུན་པའི་ནང་གི་ཁས་ལེན་དེ་དག་བརྩི་སྲུང་བྱེད་དགོས་ཟེར།
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་ཚེས་ ༢༥ ཉིན་ངྷ་སྟེང་བོད་ཁྱིམ་གྱི་མཛད་སྒོའི་ཉིན་ཁོང་གིས་རྒྱ་ནག་གཞུང་དང་མཉམ་དུ་འབྲེལ་བ་གནང་སྟེ་བོད་ཀྱི་གནད་དོན་སེལ་རྒྱུའི་ཐུགས་རེ་དེ་ད་ཆར་སྐྱོ་རུ་འགྲོ་གི་འདུག་ཅེས་གསུངས་ཡོད་ལ། འདིའི་ཐད་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་རྒྱབ་སྐྱོར་བ་ཚོས་རྒྱ་ནག་དབུས་གཞུང་མཉམ་དུ་འབྲེལ་བ་མུ་མཐུད་ཇེ་ལེགས་སུ་གཏོང་འདོད་ཡོད་ན། ལོ་འདིའི་ཕྱི་ཟླ་བདུན་པའི་ནང་ཁས་ལེན་བྱས་པ་དག་བརྩི་སྲུང་བྱེད་དགོས་པ་རེད་ཅེས་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ ཅང་ཡུ་ ཡིས་གསར་འགོད་འདུ་འཛོམས་ཤིག་གི་སྟེང་བཤད་ཡོད་པ་རེད།
ཅང་ཡུ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མར་བཟུང་བའི་སྲིད་བྱུས་ནི་འགྱུར་བ་མེད་པ་དང་། གསལ་བོ་ཡིན་པ་མ་ཟད། ཁོང་དང་མཉམ་དུ་འབྲེལ་བ་འཛིན་པ་དེར་ཡང་ལྷག་བསམ་རྣམ་དག་གི་རྣམ་འགྱུར་ཞིག་བཟུང་ཡོད་ཅེས་བཤད་འདུག
མུ་མཐུད་དོན། ང་ཚོའི་རེ་བར་དབུས་གཞུང་དང་མཉམ་དུ་འབྲེལ་བ་བཟུང་བ་བརྒྱུད་ཏཱ་ལའི་བླ་མས་ད་ཡོད་ཀྱི་གནས་སྟངས་ངོས་ཟིན་པ་དང་། དོན་དངོས་དང་མཐུན་པའི་ལྷག་བསམ་འཁྱེར་ཡོང་བ་དང་ཕྱག་ལས་གནང་བ། ཁོང་གི་མི་ཚེ་རིང་བོད་མི་རིགས་ལ་ཕན་ཐོགས་ཡོད་པ་ཞིག་སྒྲུབ་གི་རེད་བསམ་ཡོད་ཟེར།
དེ་བཞིན་དུ་ཁོ་མོས། དབུས་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཚབ་ཚོ་མཉམ་དུ་འབྲེལ་མོལ་ཐེངས་བརྒྱད་པ་ཞིག་སྐོང་རྒྱུའི་སྐོར་དེ་ཡང་ཟླ་འདིའི་ཟླ་མཇུག་ལ་གནང་རྒྱུའི་ཐད་གོ་སྒྲིག་བྱེད་བཞིན་ཡོད་ཅེས་ཀྱང་བརྗོད་འདུག
ལོ་འདིའི་ཕྱི་ཟླ་བདུན་པའི་ནང་གི་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱབ་སྐྱོར་མི་བྱེད་པ་བཞི་ཞེས་པའི་ཆ་རྐྱེན་བཏོན་ཡོད་ལ། དེའི་ནང་གི་གཅིག་གི་གཞོན་ལྷན་གྱི་རང་བཙན་ལས་འགུལ་ཡིན།