སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་དགོས།

བོད་ནང་དུ་ཐབས་རྡུགས་ཀྱི་གནས་སྟངས་སྔར་བཞིན་གནས་བ་དང༌། རྒྱ་གཞུང་ལ་བོད་དོན་ཐག་གཅོད་ཀྱི་འདོད་པ་ཆུང་བ་བཅས་ལ་གཞིགས་ཏེ། རྒྱལ་སྤྱིར་བོད་དོན་ཡུན་གནས་ཡོང་ཆེད་དང༌། བྱེས་བཞུགས་བོད་མིའི་འཐབ་རྩོད་ནུས་ཤུགས་ཆུང་དུ་མི་འགྲོ་སླད། བཀའ་བློན་ཁྲི་བ་མཆོག་གིས་སྒྲུབ་ཕྱོགས་འཛུགས་སྐྲུན་ལས་འགུལ་གྱི་གལ་ཆེའི་རང་བཞིན་སྔ་ཕྱིར་གསུངས་པ་བཞིན། ཐེངས་འདིར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་དབྱེ་བ་གསུམ་དང་དོན་ཚན་བཅུ་བདུན་གྱི་སྒྲུབ་ཕྱོགས་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་བཀོད་ཁྱབ་བཏང་ཡོད།

ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པའི་སྐུ་ཚབ་དོན་གཅོད་དང༌། ས་གནས་ཛ་དྲག་ལས་འགུལ་ཚོགས་ཆུང་ཁག་ལ་བཀོད་ཁྱབ་ཅིག་བཏང་ཡོད་པའི་ནང༌། ད་ལོ་བོད་ནང་གཞིས་ལུས་བོད་མི་ཚོས་གཞི་རྒྱ་ཆེ་ཞིང་དོན་སྙིང་ལྡན་པའི་ཞི་བའི་གྱེན་ལངས་བྱས་པར་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་གསོད་རྡུང་མནར་གཅོད་ཚད་མེད་བྱས་པར་གདུང་སེམས་མཉམ་སྐྱེད་དང༌། དཀའ་ངལ་དེ་དག་སེལ་སླད་རང་དབང་ལུང་པའི་བོད་རིགས་ཡོངས་རྫོགས་ཀྱིས་ལས་འགུལ་མཉམ་སྤེལ་བྱ་ཕྱིར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་གསར་འཛུགས་བྱས་ཏེ། ལས་འགུལ་མུ་མཐུད་སྤེལ་མུས་ཡིན་ལ། ༢༠༠༨ ཟླ་ ༤ ཚེས་ ༢༣ ཉིན་དཔལ་ལྡན་བཀའ་ཤག་གིས་བོད་མི་སྤྱི་སྒེར་སོ་སོའི་འཆར་ཅན་འཚོ་བའི་ཁྲོད་རྒྱུན་དུ་སྤེལ་དགོས་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཁག་དང༌། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ ༢༠༠༨ ཟླ་ ༤ ཚེས་ ༢༤ ཉིན་སོ་སོར་ལམ་སྟོན་གནང་བ་ཁག་ཅིག་ཟུར་འདོན་ཞུས་ཡོད་པ་ལྟར། བོད་མི་སྐྱ་སེར་སྤྱི་དང་བྱེ་བྲག་ཕྲུ་གུའི་ཕ་མ། དགེ་ལས་སློབ་ཕྲུག མཐོ་སློབ་ཁག་བཅས་ལ་བརྒྱུད་བསྒྲགས་ཀྱིས་ལས་འགུལ་སྤེལ་དགོས་ཤིང༌། ལས་འགུལ་ཅི་སྤེལ་གྱི་ཐོ་གཞུང་ཟླ་གསུམ་དང༌། ཡང་ན་ཟླ་དྲུག་རེ་མཚམས་སུ་ས་གནས་ཛ་དྲག་ཚོགས་ཆུང་བརྒྱུད་དབུས་ལ་འབུལ་དགོས། ཞེས་བོད་མིའི་གཞིས་སྒར་དང་ཚོགས་སྡེ་ཁག་ནས་མཉམ་རུབ་འཛུགས་སྐྲུན་གྱི་ལས་འགུལ་སྤེལ་ཕྱོགས་དོན་ཚན་བདུན་དང༌། ཁྱིམ་ཚང་དང་ནང་མི་ཕན་ཚུན་བར་བསྒྲུབ་བྱ་དང་སྲུང་བྱའི་ལས་འགུལ་སྤེལ་ཕྱོགས་དོན་ཚན་ལྔ། སློབ་ཕྲུག་སོགས་མི་སྒེར་རེ་རེས་བླང་དོར་དང་དམ་བཅའ་འགན་ལེན་གྱི་ལས་འགུལ་སྤེལ་ཕྱོགས་དོན་ཚན་ལྔ་བཅས་དབྱེ་བ་གསུམ་དང་དོན་ཚན་བཅུ་བདུན་བཀོད་ཡོད། 

དང་པོ། བོད་མིའི་གཞིས་སྒར་ཁག་དང་སློབ་གྲྭ དགོན་སྡེ་སོགས་སུ་མཉམ་རུབ་འཛུགས་སྐྲུན་གྱི་ལས་འགུལ་སྤེལ་ཕྱོགས་ནི། ༡ དགོན་སྡེ་དང་སློབ་གྲྭ་ཁག་ཏུ་༧གོང་ས་མཆོག་གི་བཀའ་སློབ་དང༌། བོད་དོན་དྲིལ་བསྒྲགས་ཀྱི་བརྙན་འཕྲིན་བལྟ་ཉན་གོ་སྒྲིག ༢ གྱེན་ལངས་ཁྲོད་འདས་གྲོངས་སུ་སོང་བ་དག་གི་མིང་ཤེས་པ་དང་མི་ཤེས་བ་ཅི་རིགས་ཀྱི་ཆེད་དུ། བོད་མིའི་གཞིས་སྒར་ཁག་གི་གཞུང་ལམ་ཉམས་གསོ་དང་དྲན་རྟེན་སྐུ་གསུང་ཐུགས་རྟེན། རྡོ་འབུམ་སོགས་བཞེངས་སྐྲུན། ༣ བོད་མིའི་སྡོད་སྒར་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་ཆེད་ངལ་རྩོལ་གྱི་ཞལ་འདེབས་བརྒྱབས་ཏེ། ཆུ་དང་གད་སྙིགས་གཙང་སེལ་ལྟ་བུའི་ལས་གཞི། ༤ རྐྱེན་འདས་སུ་སོང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་མིང་ཐོག་འབྲས་ལྡན་དང་འབྲས་མེད་ཀྱི་སྐྱེ་ཤིང་འདེབས་འཛུགས་དང་གསོ་སྐྱོང༌། ༥ འདས་པོ་དག་གི་དྲན་རྟེན་དང་མཆོད་འབུལ་ཆེད་སྣང་གསལ་མར་མེ་ཆད་མེད་འབུལ་རྒྱུ་གོ་སྒྲིག་དང༌། དེར་ས་གནས་སྤྱི་ཐོག་ནས་དམིགས་བཀར་འབུལ་ཡུལ་བསྐྲུན་རྒྱུ། ༦ འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་དོན་སྙིང་དང་ལག་བསྟར་སྐོར་ལ་དམིགས་བསལ་སློབ་སྦྱོང་གནང་རྒྱུ། ༧ ཉ་སྟོང་བརྒྱད་གསུམ་སོགས་ལ་དམར་ཟས་སྤང་ཐབས་བྱ་རྒྱུ།

གཉིས་པ། ཁྱིམ་ཚང་དང་ནང་མི་ཕན་ཚུན་བར་བསྒྲུབ་བྱ་དང་སྲུང་བྱའི་ལས་འགུལ་སྤེལ་ཕྱོགས་ནི། ༡ ཟླ་རེར་ཁྱིམ་ཚང་སོ་སོའི་ནང་མི་ཚང་འཛོམས་ཐེངས་གཉིས་རེར་གནང་སྟེ། ནང་མི་རྒན་གཞོན་བར་བོད་ཀྱི་རྒྱལ་རབས་སྤྱི་དང༌། བྱེ་བྲག་སྤྱི་ལོ་ ༡༩༤༩ ལོ་ནས་བོད་ནང་དུས་འགྱུར་བྱུང་སྟངས་དང༌། ལྷག་པར་དུ་ད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་ཞི་བའི་གྱེན་ལངས་ཆེན་མོ་ཇི་ལྟར་བྱུང་ཚུལ་ཐོག་གོ་བསྡུར་དང༌། བསམ་ཚུལ་བརྗེ་རེས་ཀྱིས་ན་གཞོན་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་རྒྱ་གང་ཆེར་སྤེལ་ཐབས་བྱ་རྒྱུ། ༢ ཟླ་རེ་ནང་མ་མཐར་ཐེངས་གཉིས་རེར་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་བཀའ་སློབ་འོད་སྡེར་ཁག་གསན་གཟིགས་ཀྱིས་བཀའ་དགོངས་ཉམས་ལེན་གང་ཐུབ་ལ་འབད་བརྩོན་གནང་རྒྱུ། ༣ བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་ལས་རིམ་ཁག་ཤེས་བྱ་དུས་དེབ་དང༌། བོད་མིའི་རང་དབང་གསར་ཤོག གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། དྲ་རྒྱ་བཅས་ལ་ཐུགས་སྣང་གིས་བདུན་རེར་ཁྱིམ་ཚང་སོ་སོའི་ནང་ལྗགས་ཀློག་གིས་གཞན་གྱི་ཟེར་རྗེས་མི་འབྲང་བར་རང་གཞུང་གི་མཛད་བྱུས་གོ་རྟོགས་གོང་མཐོར་གཏོང་རྒྱུ། ༤ མ་འོངས་བོད་མི་རིགས་ཀྱི་སོན་རྩ་རྣམས་སྐྱིད་སྡུག་གཉིས་ཐེག མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་ལྡན་ཞིང༌། ཕྱི་ནང་ཤེས་ཡོན་ཅན་གྱིས་ཕྱུག་པའི་མི་རིགས་ཀྱི་དོན་སྙིང་སླར་གསོ་ཙམ་མ་ཟད། འཛིན་སྐྱོང་སྤེལ་གསུམ་ཐུབ་ཆེད་ཁྱིམ་ཚང་རེ་རེ་ནས་གལ་ཆེའི་ཤེས་ཡོན་གྱི་ཁོར་ཡུག་བསྐྲུན་དགོས་པ་དང༌། ཕ་མ་རྣམས་ཀྱིས་ཀྱང་ཆང་དང་ཐ་མག་མྱོས་རྫས་སོགས་ཀྱི་ངན་གོམས་ཡོད་རིགས་གཏན་དུ་འམ། ཡང་ན་དུས་ཡུན་ངེས་ཅན་བར་སྤང་ཐབས་དང་ཉུང་འཕྲི་བྱས་པའི་དཔེ་སྟོན་གྱིས་ན་གཞོན་རྣམས་ལ་གོམས་གཤིས་ངན་པ་མི་འཇགས་པའི་ཐུགས་འགན་བཞེས་དགོས། ༥ ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མིའི་ཁྱིམ་ཚང་སོ་སོའི་ནང་བོད་ཕྲུག་གཞོན་སྐྱེས་རྣམས་དང༌། བཀའ་མོལ་གནང་སྐབས་རང་སྐད་ཁོ་ན་བེད་སྤྱོད་གཏོང་ཐབས་གནང་རྒྱུ།

གསུམ་པ། སློབ་ཕྲུག་སོགས་མི་སྒེར་གྱིས་བླང་དོར་དང་དམ་བཅའ་འགན་ལེན་སྐོར་གྱི་ལས་འགུལ་སྤེལ་ཕྱོགས་ནི། ༡ བོད་ཀྱི་ཛ་དྲག་གི་གནས་སྟངས་ལ་བསམ་ཞིབ་ཀྱིས་སོ་སོའི་འགྲོ་གྲོན་རྒྱས་སྤྲོས་ཅན་རྣམས་བག་མེད་ངན་གོམས་སོང་བ་ཁག་བསྲི་ཚགས་གང་ཐུབ་བྱས་ཏེ། བོད་མི་རིགས་དང་སོ་སོའི་མ་འོངས་མདུན་ལམ་ཆེད་ཟུར་བཅད་གསོག་འཇོག་བྱ་རྒྱུ། ༢ སློབ་ཁྲིད་ཁག་ལ་སྔར་ལས་ཧུར་བརྩོན་ཆེར་བསྐྱེད་ཀྱིས་ཉིན་རེའི་རང་སྦྱོང་ཆེད། དུས་ཚོད་སྤར་ཆ་སོགས་ཀྱི་དམ་བཅའ་དང་ལེན་དང༌། རང་ནུས་ཅི་ལྕོག་གིས་ཡ་རབས་བཟང་སྤྱོད་དང་ཤེས་ཡོན་ཡར་རྒྱས་ལ་འབུང་རྒྱུ། ༣ ད་ལོའི་བོད་ནང་གི་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཐོག་མྱོང་ཚོར་དང༌། དེ་འབྲེལ་གྱི་དཔྱད་རྩོམ་སྐད་ཡིག་འདྲ་མིན་ནང་འབྲི་རྒྱུ། ༤ ཆང་དང་ཐ་མག མྱོས་རྫས་སོགས་ངན་གོམས་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་སྤང་ཐབས་བྱ་རྒྱུ། ༥ དམིགས་བསལ་བོད་ཀྱི་རྩ་དོན་ཆེད་བོད་ཀྱི་སྐད་ཡིག་རིག་གནས་དང༌། རྒྱལ་སྤྱིའི་ཆབ་སྲིད་དང་འབྲེལ་བའི་རིགས་གཅིག་རྐང་འཛིན་གྱི་སློབ་ཚན་ཐོག་ཞུགས་རྒྱུ་བཅས་དབྱེ་བ་གསུམ་དང་དོན་ཚན་བཅུ་བདུན་གྱི་སྒྲུབ་ཕྱོགས་ལས་འགུལ་གཏན་འབེབས་བྱས་ཡོད།

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “སྒྲུབ་ཕྱོགས་ཀྱི་ལས་འགུལ་སྤེལ་དགོས།

  1. བོད། ཤ་ཁྲག་རུས་གསུམ།

    དྲ་གྲོགས་ཚོ། རྒྱལ་ཁབ་གང་ཞིག་དང་རང་དབང་རྩོད་ལེན་པ་སུ་ཞིག་གིས་ངོས་ནས་བཤད་དེ་འོང་ན་ཡང་། ཁྲིམས་དང་སྒྲིག་གཞི་ནི་མི་དམངས་དེའི་འདོད་བློ་དང་བསྟུན་ནས་བཟོ་བཞིན་ཡོད་ལ་མི་དམངས་དེའི་བསམ་ཚུལ་དང་བསྟུན་ནས་འགྱུར་བ་གཏོང་བཞིན་ཡོད་སྟབས། ང་ཚོ་ལ་ནུས་པ་ཡོད་ན། བོད་མི་དམངས་ཀྱི་རེ་འདོད་དང་བསམ་ཚུལ་དངོས་དེ་ཤེས་ན། ད་གཟོད་གང་ཞིག་ལ་འགྱུར་བ་གཏོང་དགོས་པ་དང་ཅི་ཞིག་སྒྲུབ་དགོས་མིན་སོགས་ཤེས་ངེས་ཡིན་པས། ང་ཚོས་རང་རང་གི་ནུས་པ་ལ་བརྟེན་ནས་བོད་མི་དམངས་ཀྱི་རེ་འདོད་དང་བསམ་ཚུལ་ཤེས་པར་འབད་བརྩོན་བྱེད་པས་དུས་ཤིག་ཡིན་པ་ལས། ཕན་ཚུན་ལ་སྐྱོན་བརྗོད་བྱེད་པས་དུས་ཚོད་གཡོལ་འདུག་པ་སེམས་སུ་བཅིངས་རོགས་ཞུ་རྒྱུ་དང་འབྲེལ། ཁ་མཁས་པ་ལས་ལག་མཁས་པར་སྨོན།

  2. ད་ཡིན་ན། བཀའ་ཁྲི་ཟམ་གདོང་གིས་ལོ་འདི་གའི་རིང་བསགས་པའི་ཟང་ཟིང་གི་སྡིག་གྲིབ་དག་སླད་སྒྲུབ་པ་ཉམས་ལེན་ནམ་མཚམས་ལ་བཞུགས་པའི་སྔོན་འགྲོ་ལྟ་བུའི་ལས་འགུལ་མིན་འགྲོ། དེ་མིན་ན་རང་དབང་ལེན་པར་འདི་དག་གིས་བཀག་རྒྱ་མ་གཏོགས་བསྐུལ་འདེད་བྱེད་མི་ཐུབ། དེ་བས། བཀའ་ཁྲི་བཟང་སྤྱོད་ཀྱི་ལམ་ནས་སྐྱེལ་མ་བྱེད་རན་མེད་དམ། ཚང་མ་ལོས་བགྲོ་གླེང་ཡོང་བའི་རེ་བ་ཡོད།

  3. མྱི་སྨྱོན།

    རིག་གསར་ཡིན་ཡང་འདྲ། རིག་རྙིང་ཡིན་ཡང་འདྲ། ཡོང་མི་སྲིད་པའི་གླེན་རྟགས་ཞིག་ལ་ལྟ་དགོས་དོན་མཐོང་མ་སོང་། ཕལ་ཆེར་རྒྱལ་ཁབ་ཕྱིར་ལེན་ཐབས་མ་ཡིན་པར་དག་པའི་ཞིང་ལྗོངས་བྱེད་ཀྱི་ཡོད་པ་འདྲ། ད་དུང་དོན་ཚན་གཅིག་ལྷག་ཡོད་པ་འདྲ་དྲན་གསོ་ཆེད་འདིར་བཀོད་ཡོད། དུས་བབ་ཁང་ནས་འདི་ཛ་དྲགས་ཚོགས་པ་ལ་གནད་སྐྱོང་ཞུ། བཙན་བྱོལ་བོད་མིའི་ཁྲོད་ཀྱི་རང་སྲོག་བློས་གཏོང་གི་འཐབ་རྩོད་པ་རྣམས་ལ་དགག་རྒྱག་བྱེད་རྒྱུ།

  4. ཨ་རོགས་ཚོ། ཚང་མས་ལྟོས་དང་། ད་ཡིན་ན་བཙན་བྱོལ་ནང་བོད་མིའི་༼རིག་གནས་གསར་བརྗེ་ཆེན་མོ་༽ཞིག་ཡོང་ས་རེད།