བོད་རིག་པའི་མཐུན་ཚོགས།

བོད་ཀྱི་ཆོས་དང་རིག་གཞུང་གི་རླབས་ཆེན་དགོངས་དོན་དེ། མིའི་རིགས་ཀྱི་ལུས་སེམས་གཉིས་གསོ་བྱེད་དང་འཛམ་གླིང་ཞི་བདེ། ཁོར་ཡུག་སྲུབ་སྐྱོབ་སོགས་གཞན་ཕན་སྒྲུབ་བྱེད་ཅིག་ཡིན་ཟེར།

ཡུ་རུབ་རྒྱལ་ཁབ་ཨོ་སི་ཋི་རི་ཡའི་མངའ་སྡེ་ཁ་རིན་ཊན་གཞུང་གིས་རྒྱལ་སྤྱིའི་ཆེས་མཐོའི་བོད་རིག་པའི་མཐུན་ཚོགས་ཟེར་བའི་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང༌། སྤྱི་ཟླ་ ༡༠ ཚེས་ ༣༡ ཉིན་མཐུན་ཚོགས་དེ་དངོས་སུ་ལེགས་འགྲུབ་མཛད་སྒོ་ཟབ་རྒྱས་ཤིག་འཚོགས་ཡོད་པ་དང༌། ཨོ་སི་ཋི་རི་ཡའི་མངའ་སྡེ་དེ་ནི་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན། བོད་ནང་ལོ་བདུན་ཞེས་པ་དེའི་རྩོམ་པ་པོ་སྐུ་ཞབས་ཧེན་རེ་ཆེ་ཧྭ་རི་ལགས་ཀྱི་འཁྲུངས་ཡུལ་ཡིན་འདུག མཐུན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་སྟེང་གྲོང་ཁྱེར་སྤྱི་ཁྱབ་པ་དང་མངའ་སྡེ་བློན་ཆེན་གཞོན་པ། གྲོས་ཚོགས་འཐུས་མི་སོགས་སྡོམ་པའི་མི་སྣ་ ༤༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

མཐུན་ཚོགས་དེའི་དབུ་འབྱེད་མཛད་སྒོར་༧གོང་ས་མཆོག་གིས་གསུང་འཕྲིན་ཞིག་ཀྱང་བསྩལ་ཡོད་པ་དང༌། ཨོ་སི་ཋི་རི་ཡའི་སྐུ་ཚབ་དོན་གཅོད་ཚེ་ཏན་བསམ་གྲུབ་ཤཀྱ་ལགས་ཀྱིས་གསུང་འཕྲིན་སྒྲོག་སྦྱོང་གནང་ཡོད། ༧གོང་ས་མཆོག་གི་གསུང་འཕྲིན་ནང༌། བོད་ཀྱི་ཆོས་དང་རིག་གཞུང་གི་རླབས་ཆེན་དགོངས་དོན། མིའི་ལུས་སེམས་གསོ་བྱེད་དང་འཛམ་གླིང་ཞི་བདེ། འགྲོ་བ་མིའི་རིགས་ཀྱི་ཁོར་ཡུག་སྲུབ་སྐྱོབ་སོགས་གཞན་ཕན་སྒྲུབ་བྱེད་ཅིག་ཡིན། ང་ཚོས་ད་བར་འདི་ལྟ་བུའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱས་བར་གྲུབ་འབྲས་ཡག་པོ་བྱུང་ཡོད་ལ། ད་དུང་མུ་མཐུད་སྲུང་སྐྱོབ་བྱེད་པར་ང་ཚོར་འཛམ་གླིང་ཡུལ་གྲུ་གང་ས་ནས་རྒྱབ་སྐྱོར་དགོས་སྟབས། ཁྱེད་ཅག་གྲོགས་པོ་ཚོས་མུ་མཐུད་རྒྱབ་སྐྱོར་དང༌། མ་འོངས་པར་འཛམ་གླིང་གི་མཁྱེན་ལྡན་མང་པོའི་རྒྱབ་སྐྱོར་འོང་བའི་རེ་བ་ཡོད། ལས་དོན་འདིར་ས་དེར་གནས་བཞུགས་བོད་རིགས་མི་དམངས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད། ས་གནས་མི་སེར་ཚོས་ཡུན་རིང་ལ་བོད་མིར་མཛའ་བརྩེ་ཟབ་མོ་བཅིངས་པར་ངེད་རང་དགའ་སྤྲོ་ཚད་མེད་སྐྱེས་ཡོད། ཅེས་གསུངས་ཡོད་འདུག སྤྱི་ནོར་༧གོང་ས་མཆོག་གིས་ཆེད་མངགས་ལྟར། དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་ཀྱིས་མཐུན་ཚོགས་འདིའི་ལས་འཆར་གོ་སྒྲིག་པ་དང་ད་ལྟའི་འགན་འཛིན་གྱི་ཕྱག་ལས་གནང་མུས་ཡིན་སྟབས། ཐེངས་འདིར་ཁོང་གིས་ཨོ་སི་ཋི་རི་ཡའི་ཆབ་སྲིད་ཚོགས་པ་ཁག་དང༌། ཆོས་ལུགས་ཚོགས་པ་ཁག། མི་མང་སོགས་ལ་མཐུན་ཚོགས་འདིར་རྒྱབ་སྐྱོར་གནང་བར་ཐུགས་རྗེའི་ལེགས་འབུལ་གྱི་གསུང་བཤད་གནང་ཡོད་འདུག

མཐུན་ཚོགས་ཀྱི་མཛད་འགན་གཙོ་བོ་བཞེས་མཁན་མངའ་སྡེ་སྤྱི་ཁྱབ་ཟུར་བ་སྐུ་ཞབས་ཇོར་ཧ་ཌིར་ལགས་ནི་བོད་དོན་རྒྱབ་སྐྱོར་བ་གཙོ་གྲས་ཤིག་ཡིན་ཞིང༌། ཁོང་གིས་ལོ་ངོ་ ༥ རིང་མཐུན་ཚོགས་འདིར་འཆར་གཞི་དང་གྲ་སྒྲིག་བྱས་ཡོད་འདུག འོན་ཀྱང༌། སྟབས་མ་ལེགས་པ་ཞིག་ལ། བདུན་ཕྲག་གསུམ་གྱི་གོང་ལ་ཁོང་རླངས་འཁོར་གྱི་དོན་རྐྱེན་འོག་འདས་གྲོངས་སུ་སོང་ཡོད་འདུག

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply