འབྲུག་རྒྱལ་ཁྲི་འདོན།

ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༦ ཉིན། རང་ལོ་ཉེར་བརྒྱད་ཡིན་པའི་འཇིགས་མེད་གེ་སར་དབང་ཕྱུག་མཆོག་འབྲུག་ཡུལ་རྒྱལ་ཁབ་ཀྱི་གསེར་ཁྲིར་མངའ་གསོལ་མཛད་ཡོད་པ་རེད།
འབྲུག་རྒྱལ་ཡུལ་རྒྱལ་ཐོག་ལྔ་བ་འཇིགས་མེད་གེ་སར་དབང་ཕྱུག་ནི་འཛམ་གླིང་གི་རྒྱལ་བོ་སྐུ་ན་ཆུང་ཤོས་དེ་ཆགས་ཡོད་པ་དང་ ། ཕྱི་ཚེས་ ༦ ཉིན་གཟའ་སྐར་བཟང་བོ་དང་བསྟུན་གསེར་ཁྲིར་མངའ་གསོལ་མཛད་ཡོད་པ་རེད། དགུང་ལོ་ ༡༢ སྟེང་ནས་ཨ་རི་དང་དབྱིན་ཇི་སོགས་སུ་སློབ་གཉེར་གནང་ཡོད་ལ། མིང་གྲགས་ཆེ་བའི་དབྱིན་ཇིའི་སློབ་གྲྭ་ཆེན་མོ་ཨོ་ཁི་སི་ཕོར་ཌི་ནས་སློབ་མཐར་ཕྱིན་ཏེ་རབ་འབྱམས་པའི་མཚན་གནས་ཐོབ་ཡོད། ལོ་གཉིས་གོང་ནས་འབྲུག་རྒྱལ་བོའི་ཆོ་ལོ་གནང་ཡོད།
     འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཐོག་བཞི་བ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་སྲིད་སྟེགས་ལས་ཕྱིར་འབུད་མ་བྱས་པའི་ཡར་སྔོན། ཕྱི་ཟླ་ ༣ པའི་ནང༌། ཁོང་གིས་འབྲུག་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གསར་འདེམས་དང་སྲིད་བློན་བསྐོ་བཞག་གནང་སྟེ། འབྲུག་ཡུལ་ནང་དམངས་གཙོའི་ལམ་བུ་གསར་གཏོད་དང་དམངས་གཙོའི་ལམ་ནས་སྲིད་འཛིན་འོས་འདེམས་ཐོག་མར་གནང་ཡོད་པ་དང༌། འབྲུག་མང་ཚོགས་ཀྱིས་རྒྱལ་ཐོག་བཞི་བ་གེ་སར་དབང་ཕྱུག་མཆོག་ལ་ཡིད་ཆེས་བློ་གཏད་མཐའ་གཅིག་ཏུ་བྱས་ཡོད་པ་རེད། 
འབྲུག་རྒྱལ་ཁབ་ནི་བོད་དང་དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་དང་ས་འབྲེལ་ཡིན་པ་མ་ཟད། མི་འབོར་འབུམ་དྲུག་ ༦༠༠༠༠༠ ལས་མེད་པའི་རྒྱལ་ཁབ་ཆུང་གྲས་དེ་ཡིན་ལ། དུས་རབས་བཅུ་གཉིས་པའི་ལོ་རབས་དྲུག་ཅུ་ནས་ཕྱི་ལོ་ ༡༩༩༩ ལོའི་བར་འབྲུག་ནང་བརྙན་འཕྲིན་གྱི་བརྒྱུད་ལམ་མེད་པ་མ་ཟད༌། འབྲུག་རྒྱལ་ཁབ་རང་ཉིད་ལ་དངུལ་སྒོར་དང༌། འགྲིམ་འགྲུལ་ལམ་ཁ་སོགས་སྟབས་བདེ་མིན་པར་རྗེས་ལུས་ཀྱི་རྣམ་པར་གནས་ཡོད་ནའང༌། ད་ལྟའི་དུས་འདིར་འབྲུག་ཡུལ་མི་མང་གིས་རང་ཉིད་ཀྱི་སྐད་ཡིག་གི་ལམ་ནས་བརྙན་འཕྲིན་བརྒྱུད་ལམ་མཁོ་གཏོང་དང༌། གློག་ཀླད་སོགས་ཀྱི་ནང་དུའང་འབྲུག་རང་གི་ཙོང་ཁའི་སྐད་ཡིག་བེད་སྤྱོད་བྱེད་བཞིན་དུས་རབས་ཀྱི་རྗེས་སུ་སྙེག་བཞིན་པ་དང༌། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་བལ་བོའི་མི་རིགས་འབུམ་གཅིག་ལྷག་འབྲུག་ནས་ཕྱིར་འཕུད་བཏང་རྗེས། འབྲུག་རྒྱལ་ཁབ་དེ་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད། སྤྱི་ལོ་ ༡༩༩༧ ལོ་ནས་འབྲུག་རྒྱལ་ཁབ་ནང་ཐ་མ་བཀག་འགོག་གྱི་ལས་འགུལ་རིམ་པར་སྤེལ་ཏེ། ད་ལྟའི་ཆར་འབྲུག་རྒྱལ་ཁབ་ཀྱི་གཞུང་དམངས་གཉིས་ནས་ཐ་མ་བཀག་འགོག་བྱས་ཡོད་པ་དང༌། འབྲུག་རྒྱལ་ཁབ་དེ་འཛམ་གླིང་ནང་ཐ་མ་རྩ་སྤངས་ཀྱི་མིག་དཔེ་བལྟ་འོས་བའི་རྒྱལ་ཁབ་དང་པོ་དེ་ཆགས་ཡོད་པ་རེད།

ཐེངས་འདིའི་རྒྱལ་བོ་གསར་བ་བསྐོ་བཞག་སྐབས་ཉིན་ཞག་གསུམ་རིང་འབྲུག་གཞུང་དམངས་གཉིས་ནས་དུས་སྟོན་གཟབ་རྒྱས་ཤིག་གནང་ཡོད་པ་དང༌། དུས་སྟོན་གྱི་སྐབས་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་མཆོག་གིས། འཛམ་གླིང་ནང་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་ལམ་བཟང་དུ་འགྲོ་བ་དང་བསྟུན་སྲོལ་རྒྱུན་རིག་གནས་ཉམས་དམས་སུ་འགྲོ་བཞིན་ཡོད་སྟབས། འཛམ་གླིང་གི་འགྱུར་བའི་འོག་འབྲུག་ཡུལ་གྱི་གཞི་རྩའི་རིན་ཐང་བརླག་འགྲོ་རྒྱུའི་ཉེན་ཚབས་ཡོད། འབྲུག་རྒྱལ་ཁབ་ཀྱིས་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་མཉམ་དུ་འབྲུག་ཡུལ་མི་མང་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་རྒྱུ་དང༌། འབྲུག་རྒྱལ་ཁབ་ཞི་བདེ་དང་གཅིག་གྱུར་ངང་གནས་དགོས་ཞེས་གསུངས་བཤད་གནང་ཡོད་པ་རེད། དེ་བཞིན་འབྲུག་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣ་ཞིག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་ནི་འབྲུག་རྒྱལ་ཁབ་དང་མི་མང་གི་བཀུར་བར་འོས་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཡིན་པ་དང༌། འབྲུག་མི་མང་གིས་ད་ལྟའི་དུས་འདིར་ཁོང་ལ་མཇལ་ཁ་དང་སྐྱབས་འཇུག་ཞུ་བ་སྨོན་ལམ་གྱི་འབྲེལ་ལམ་བཟང་བོ་ཡོད་ཚུལ་སོགས་བརྗོད་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “འབྲུག་རྒྱལ་ཁྲི་འདོན།

  1. ཁྱུང་ལྡིང༌།

    མི་གྲངས་འབུམ་ཕྲག་གཅིག་ལྷག་མ་གཏོགས་མེད་པའི་རྒྱལ་ཁབ་དེ་ལས་མི་གྲངས་ཡ་ས་དྲུག་ལྷག་ཡོད་པའི་ང་ཚོ་རྗེས་ལུས་ཐེབས་དོན་ཅི་ཡིན་ནམ།