གྲོས་ཆོད་དོན་ཚན་བཅུ་དྲུག

༧གོང་ས་མཆོག་ལ་བོད་དོན་ཐག་གཅོད་ཀྱི་སྐུ་དབང་ཆ་ཚང་ཡོད་པ་དང༌། བླ་སྤྲུལ་ཁག་གིས་བོད་ཀྱི་རྩ་དོན་ཐོག་སྔར་ལས་ལྷག་པའི་ཐུགས་འགན་བཞེས་དགོས་པ། དེ་བཞིན། བོད་ཕྱི་ནང་ཕན་ཚུན་འབྲེལ་ལམ་ཆེད། དྲ་ཚུགས་སོགས་ཧི་མ་ལ་ཡའི་ཡིག་གཟུགས་སྟེང༌། གཅིག་གྱུར་ཡོང་ཐབས་བྱ་དགོས་པ་བཅས་ལ་གྲོས་ཆོད་བཞག་འདུག 

མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་གསུམ་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ བར་གྱི་ཉིན་གསུམ་རིང༌། བཞུགས་སྒར་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ་བསྡུ་སྐོང་བྱས་ཡོད་པ་དང༌། ཚོགས་འདུའི་ནང་དོན་གཙོ་བོ་༧གོང་ས་མཆོག་གིས་བཀའ་སྤྱི་གཉིས་ལ་བསྩལ་བའི་བཀའ་ཡིག་གི་ནང་དོན་ལྟར། འཚོགས་ལ་ཉེ་བའི་བོད་དོན་དམིགས་བསལ་ཚོགས་ཆེན་སྟེང༌། མདོ་སྨད་མི་དམངས་ཀྱི་བསམ་ཚུལ་འཁྱེར་ཕྱོགས་དང༌། གྲོས་འཆར་འདོན་ཕྱོགས་བཅས་ཡིན་འདུག སྐབས་དེར་བཀའ་ཟུར་རོང་ཆེན་ཀིརྟི་རིན་པོ་ཆེ་མཆོག་དང༌། བཀའ་ཟུར་ཨ་ལག་འཇིགས་མེད་རིན་པོ་ཆེ། མདོ་སྨད་སྤྱི་འཐུས་རྣམ་པ་དང་དབུས་རྒྱུན་ལས་རྣམ་པ། བླ་མ་ཤིང་གཟའ་རིན་པོ་ཆེ། དེ་མིན། ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་པའི་ཚོགས་ཞུགས་པ་ཡོངས་ཀྱིས་རང་རང་གི་བསམ་ཚུལ་དང་དམིགས་བསལ་ཚོགས་ཆེན་སྟེང་ལ་འཁྱེར་རྒྱུའི་གྲོས་གཞི་སོགས་ཀྱི་ཐད། ཉིན་གསུམ་རིང་གོ་བསྡུར་བགྲོ་གླེང་ཞིབ་རྒྱས་བྱས་མཐར། སྤྱི་མོས་ཐོག་གྲོས་ཆོད་དོན་ཚན་ཁག་བཅུ་དྲུག་བཞག་ཡོད་འདུག

དང་པོ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་གི་དོན་གྱི་བདག་པོ་རྩོད་མེད་ལགས་སྟབས། བོད་ཀྱི་རྩ་དོན་ཐག་གཅོད་ཀྱི་སྐུ་དབང་ཡང་ཆ་ཚང་ཡོད་ལ། བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཉག་གཅིག་ཀྱང་ཡིན། ཁོང་གིས་མུ་མཐུད་བོད་ཀྱི་རྩ་དོན་མཛད་འགན་བཞེས་རྒྱུར་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང༌། ཁོང་གི་དགོངས་གཞི་གཞིར་བཟུང་མུ་མཐུད་ཤར་སྐྱོད་བྱ་དགོས། ད་ལྟའི་བོད་རྒྱའི་འབྲེལ་མོལ་གནས་བབ་འོག་༧གོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་གིས་ལངས་ཕྱོགས་དང་ལས་དོན་ཅི་ཞིག་གནང་ཡང་དེ་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད། གཉིས་པ། སྐུའི་ཉེན་སྲུང་དང༌། ལྷག་པར་དུ་དགུང་ལོའི་གནས་བབ་བཅས་ལ་གཞིགས་ཏེ། འཕྲོད་བཞེས་དང་མཛད་འཆར་སྒྲིག་ཕྱོགས་ལ་ཐུགས་སྣང་གལ་ཆེ་བ་མ་ཟད། གསན་བཞེས་ཡོང་བའི་གསོལ་འདེབས་ཞུ་དགོས། གསུམ་པ། ༧གོང་ས་མཆོག་གི་དབུ་ཁྲོད་འོག་བོད་རྒྱ་འབྲེལ་མོལ་ལྷག་བསམ་རྣམ་དག་གིས་གནང་བཞིན་པར་རྒྱ་གཞུང་གིས་ད་དུང་ཡ་ལན་མ་གནང་ཚཻ། མཇུག་འབྲས་ཅི་བྱུང་རྒྱ་ནག་དབུས་གཞུང་གིས་འགན་འཁུར་དགོས། རྒྱ་གཞུང་གིས་དུས་བཀག་ངེས་ཅན་ནང་བོད་རྒྱ་ཞི་མོལ་དངོས་སུ་མ་གནང་ན། བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་ལས་དོན་ལའང་འགྱུར་བ་ཤུགས་ཆེན་གཏོང་ངེས།

བཞི་བ། བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་གཞིས་བྱེས་གཉིས་སུ་མི་རིགས་ཀྱི་ངོ་བོ་མ་བརླག་པའི་ཐོག སྒྲིག་འཛུགས་ཁག་སྲ་བརྟན་རྒྱུན་འཁྱོངས་དང་ཐབས་བྱུས་ལྡན་པའི་འཆར་འགོད་གཞིར་བཞུང་ནུས་པ་ཐོན་པའི་ལས་འཆར་བཀོད་སྒྲིག་ཞུ་དགོས། ལྔ་བ། བོད་ཕྱི་ནང་གཉིས་སུ་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གོ་རྟོགས་སྤྱི་དང༌། སྒོས་སུ་༧གོང་ས་མཆོག་གི་དགོངས་གཞི་ལྟར་དབུ་མའི་ལམ་གྱི་གོ་དོན་ཇི་བཞིན་ཁ་གསལ་ཁྱབ་སྤེལ་གནང་དགོས། དྲུག་པ། འབྱུང་འགྱུར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ནང་རྒྱལ་སྤྱིའི་གནས་བབ། ལྷག་པར་བོད་རྒྱའི་གནད་དོན་རྒྱུས་མངའ་ཡོད་པའི་ཁར་རྒྱ་ཡིག་ཀྱང་ཤེས་པའི་མི་སྣ་གསར་སྣོན་དགོས་རྒྱུར་འབྲེལ་ཡོད་ལ་འབོད་སྐུལ་ཞུ་དགོས། བདུན་པ། ཀྲུང་ཧ་མི་དམངས་དང་བོད་མིའི་བར་བརྒྱུད་ལམ་འདྲ་མིན་ཐོག་འབྲེལ་བ་དམ་ཟབ་གང་ལེགས་གཏོང་རྒྱུ་དང་བོད་ཀྱི་དངོས་ཡོད་གནས་སྟངས་འགྲེལ་བཤད་རྒྱག་དགོས། བརྒྱད་པ། བོད་ནང་རྒྱ་ནག་གིས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་སྤེལ་བ་དེ་མཚམས་འཇོག་ཡོང་བར་སྒོ་ཀུན་ནས་འབད་བརྩོན་ཐབས་ཤེས་བྱ་དགོས། དགུ་བ། བོད་དང་རྒྱ་ནག རྒྱལ་སྤྱིའི་གནད་དོན་ཁག་ལ་ཉམས་ཞིབ་བྱ་མཁན་གཞུང་སྒེར་གྱི་སྒྲིག་འཛུགས་ཚད་ལྡན་གང་མང་འཛུགས་དགོས།

བཅུ་བ། ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་བ་དང་བོད་མི་ཚོར་ཉེས་མེད་སྐྱོན་འཛུགས། བཙོན་འཇུག་དམར་གསོད་བྱེད་མུས་སོགས་ཀྱི་གནས་ཚུལ་དེ་རིགས་དུས་ཐོག་གསལ་བསྒྲགས་དང༌། རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་གཏུགས་བཤེར་ཀྱི་ཐབས་ཤེས་འཚོལ་དགོས། བཅུ་གཅིག བོད་རྒྱའི་གནད་དོན་སེལ་ཕྱིར་རྒྱལ་ཁབ་གསུམ་པ་ཞིག་གིས་གཟུ་དཔང་བྱེད་པའི་ཐབས་ལམ་འཚོལ་དགོས། བཅུ་གཉིས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་ཆེད། འགྲོ་སོང་འབོར་ཆེན་བཏང་ཡོད། ཅེས་པའི་འུར་སྒྲོག་བྱེད་པ་ལྟར། དེ་དག་གཞི་རིམ་བོད་མིར་དངོས་ཕན་ཅི་མཆིས་ཐད་རྒྱ་གཞུང་དང་བཙན་བྱོལ་གཞུང་ཐུན་མོང་གི་རྟོག་ཞིབ་ཚོགས་ཆུང་ཞིག་འཛུགས་ཐབས་བྱ་དགོས། བཅུ་གསུམ་པ། བོད་ཀྱི་རྩ་དོན་དང༌། འཛུགས་སྐྲུན་ཆེད་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དཔལ་འབྱོར་གྱི་མ་དངུལ་ད་ལྟ་ནས་ཐབས་འཚོལ་ གནང་དགོས། བཅུ་བཞི། བོད་རྒྱ་འབྲེལ་མོལ་སྐབས་ཀྱི་གནད་དོན་ཐད་ཀྱི་ངེས་པར་དུ་གསང་དགོས་རིགས་ལས་གཞན་དུས་ཐོག་ཏུ་ཕྱི་གསལ་ནང་གསལ་གནང་དགོས། བཅོ་ལྔ༌། སྐྱབས་གནས་བླ་སྤྲུལ་ཁག་གིས་ཀྱང་བོད་ཀྱི་རྩ་དོན་ཐོག་སྔར་ལས་ལྷག་པའི་ཐུག་ཁུར་ཆེ་བཞེས་གནང་དགོས། བཅུ་དྲུག བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གཙོ་བོ་དྲ་རྒྱ་ཡིན་སྟབས། ཡིག་གཟུགས་དེ་ཧི་མ་ལ་ཡའི་ཡིག་གཟུགས་སྟེང༌། གཅིག་གྱུར་ཡོང་ཐབས་ལ་འབད་དགོས། ཞེས་བཀོད་འདུག

 

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “གྲོས་ཆོད་དོན་ཚན་བཅུ་དྲུག

  1. མདོ་སྨད་ཚང་གི་གྲོས་ཆོད་ཞེ་བོ་བཞག་ཤག ད་ཡིན་ན་གྲོས་ཆོད་༼གསུམ་པ། ༧གོང་ས་མཆོག་གི་དབུ་ཁྲོད་འོག་བོད་རྒྱ་འབྲེལ་མོལ་ལྷག་བསམ་རྣམ་དག་གིས་གནང་བཞིན་པར་རྒྱ་གཞུང་གིས་ད་དུང་ཡ་ལན་མ་གནང་ཚཻ། མཇུག་འབྲས་ཅི་བྱུང་རྒྱ་ནག་དབུས་གཞུང་གིས་འགན་འཁུར་དགོས། རྒྱ་གཞུང་གིས་དུས་བཀག་ངེས་ཅན་ནང་བོད་རྒྱ་ཞི་མོལ་དངོས་སུ་མ་གནང་ན། བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་ལས་དོན་ལའང་འགྱུར་བ་ཤུགས་ཆེན་གཏོང་ངེས། ༽ཞེས་པ་འདིའི་སྒང་ཤར་བསྐྱོད་བྱ་རྒྱུ་ལས་གཞན་དག་མཆོད་བརྗོད་དམ་རྩོམ་པར་དམ་བཅའ་བ་སོགས་ཀྱིས་མཚོན་པའི་མཁས་པའི་གསུང་རང་རེད། དེ་བས། རྒྱ་གཞུང་གིས་གསལ་བསྒྲགས་གཤམ་གསལ།

    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་ཁ་གསལ་བའི་སྒོ་ནས་གཏན་འབེབས་གནང་ཡོད་ལ། བོད་ལྗོངས་ཀྱི་ཆེས་ཆེ་བའི་ཆབ་སྲིད་དངོས་དོན་ཞིག་ཀྱང་ཡིན། “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་ཁས་མི་ལེན་ཞིང་རྩ་ཁྲིམས་དང་རྩ་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ནི་གཏན་ནས་མི་ཆོག “རྒྱུན་འཁྱོངས་བྱེད་པ་གསུམ”ཞེས་བྱ་བ་དེ་ནམ་ཡང་འགྱུར་བ་མེད་པ་དང་། སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན།

    ཏུའུ་ཆིང་ལིན་གྱིས་ཡང་འདི་སྐད་དུ། རྩ་འཛུགས་གང་དང་མི་སྒེར་གང་རུང་ཞིག་ཡིན་རུང་ངེས་པར་དུ་རྩ་ཁྲིམས་གཞི་རྩར་བཟུང་ནས་བྱེད་སྒོ་སྤེལ་བ་དང་། རྩ་ཁྲིམས་ཀྱི་ཟིལ་ཤུགས་སྲུང་ཅི་ཐུབ་བྱས་ནས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བརྩི་སྲུང་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཞེས་པ་ལག་བསྟར་བྱས་ནས་ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་དེ་ཡོད་ཚད་ལས་མཐོ་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། མཐའ་གཅིག་ཏུ་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་བཅས་ལ་བརྩི་སྲུང་བྱེད་པ་ནི། རང་རྒྱལ་གྱི་སྣ་གཅིག་པའི་ལམ་ལུགས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པ་བྱེ་བྲག་གིས་མཚོན་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཁ་ཤས་ཤིག་གིས་ལག་བསྟར་བྱེད་བཞིན་པའི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་དང་རྒྱལ་ཁག་མཉམ་འབྲེལ་ལམ་ལུགས་དང་མི་མཐུན་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་ཐག་གཅོད་བྱེད་པའི་རྩ་བའི་སྲིད་ཇུས་ཡིན་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། རྒྱལ་ཁབ་ཀྱིས་ཞང་ཀང་དང་ཨའོ་མོན་གཉིས་ལ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པ་དང་མི་འདྲ་བ་ཡིན། མི་རིགས་ས་ཁོངས་རང་སྐྱོང་ནི་མི་རིགས་རང་སྐྱོང་དང་ས་ཁོངས་རང་སྐྱོང་ཟུང་འབྲེལ་དམ་ཚགས་བྱེད་པ་ཡིན་ཞིང་། “ངེས་པ་དོན་གྱི་མི་རིགས་རང་སྐྱོང”ཞེས་པའི་དར་ཆ་འཁྱེར་ནས་མི་རིགས་ཁ་བྲལ་དང་མི་རིགས་མཐུན་སྒྲིལ་ལ་གནོད་པའི་ལས་དོན་གཏན་ནས་སྤེལ་མི་ཆོག

    ཏུའུ་ཆིང་ལིན་གྱིས་ཡང་འདི་སྐད་དུ། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་འཐུས་ཚང་དུ་གཏོང་བའི་རྩ་དོན་ཀྱི་གནད་དོན་འདིའི་སྟེང་། དུས་ནམ་ཞིག་དང་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང། འགྱུར་བ་དང་ཡོ་གཟིར་སྤུ་ཙམ་ཡང་མེད་པ་ཡིན་ལ། བོད་ལྗོངས་རང་བཙན་བྱས་མི་ཆོག་ལ་རང་བཙན་ཕྱེད་ཙམ་ཡང་བྱས་མི་ཆོག རྣམ་པ་འགྱུར་བའི་རང་བཙན་ཀྱང་མི་ཆོག་པ་ཡིན། ཏཱ་ལའི་བླ་མས་ངེས་པར་དུ་ལོ་རྒྱུས་ལ་བརྩི་བཀུར་བྱེད་དགོས་པ་དང་། དངོས་དོན་གནས་ཚུལ་ལ་དོ་སྣང་བྱེད་པ། དུས་རབས་དང་བསྟུན་ནས་རང་ཉིད་ཀྱི་ཆབ་སྲིད་འདོད་བློ་རྦད་དེ་བཅོས་སྒྱུར་བྱེད་པ་དང་། དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་གསོག་པའི་བྱེད་སྒོ་དང་། ལྐོག་ཇུས་ལྡན་པའི“བོད་རང་བཙན།” མེས་རྒྱལ་ཁ་བྲལ་དུ་གཏོང་བའི་འདོད་བློ་དང་བྱེད་སྒོ་མཐའ་དག་ལ་ངེས་པ་དོན་གྱིས་རྒྱབ་སྐྱོར་མི་བྱེད་པ། ད་ལོའི་ཟླ༧པའི་ནང་པེ་ཅིང་དུ་གྲོས་མོལ་གནང་སྐབས་ཁས་ལེན་བྱས་པའི་དམ་བཅའ་ལག་ཏུ་བསྟར་ནས་གྲོས་མོལ་གོང་འཕེལ་ཡོང་བར་ཕན་འབྲས་ལྡན་པའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་དགོས་ཞེས་ཏན་ཏན་ཏིག་ཏིག་གིས་གསུངས་པ་རེད།

    ཏུའུ་ཆིང་ལིན་གྱིས་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ལ། གླེང་མོལ་བྱེད་པའི་སྒོ་ཆེན་ནམ་ཡང་ཕྱེས་ཡོད། ད་ལོའི་ཚུན་ལ་རྡུང་བཅོམ་འཕྲོགས་བསྲེག་གི་དྲག་ཤུལ་སྤྱོད་པའི་ཚུལ་གྱིས་བྱས་ཉེས་བསགས་པའི་བྱེད་སྒོ་སྤེལ་ནའང་ང་ཚོས་སྔར་བཞིན་སྔ་ཕྱི་ཐེངས་གསུམ་ལ་ཏཱ་ལའི་བླ་མ་མི་སྒེར་གྱི་འཐུས་མི་ཕྱིར་རང་རྒྱལ་དུ་ལོག་ནས་གྲོས་མོལ་གནང་བར་བཀོད་སྒྲིག་གནང་བ་དེས། ཀྲུང་དབྱང་གི་ལྷག་བསམ་ཟོལ་མེད་དང་ཐུགས་སྐྱེད་ཡངས་པ་བཅས་མཚོན་ཡོད་པ་རེད། རེ་བ་ནི་ཏཱ་ལའི་བླ་མས་རྒྱལ་ཁབ་དང་མི་རིགས། ལོ་རྒྱུས། རང་ཉིད་བཅས་ལ་ཕན་པ་ཡོད་པའི་གདམ་གསེས་ཡག་པོ་ཞིག་བྱས་ན་ལེགས་ཞེས་གསུངས་པ་རེད།

    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་དང་པུའུ་ཀྲང་གཞོན་པ་སྲི་ཐར། བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་པད་མ་འཕྲིན་ལས་བཅས་ཀྱིས་རྒྱ་རི་བློ་གྲོས་འཁོར་དང་བཅས་པར་གྲོས་མོལ་གནང་ཞིང་། གྲོས་མོལ་གནང་བའི་སྐབས་སུ་འདི་སྐད་དུ། ཀྲུང་དབྱང་གིས་ཏཱ་ལའི་བླ་མས་རྒྱལ་གཅེས་ལངས་ཕྱོགས་འཛིན་པའི་སྒོ་ཆེན་ནམ་ཡང་ཕྱེ་ཡོད་ལ་རྗེས་ཕྱོགས་ཀྱང་སྒོ་ཕྱེ་ངེས། འོན་ཀྱང་བོད་རང་བཙན་དང་། རང་བཙན་ཕྱེད་ཀ རྣམ་པ་འགྱུར་བའི་རང་བཙན་ཞེས་པའི་སྒོ་ཆེན་དེ་རིགས་འདས་ཟིན་པའི་ནང་དུ་ཕྱེ་མྱོང་མེད་ལ། རྗེས་ཕྱོགས་ཀྱང་ཕྱེ་མི་སྲིད་པ་ཡིན། གླེང་བྱའང་མི་སྒེར་གྱི་གནད་དོན་ལས་བོད་དོན་ཞེས་པ་ཞིག་གླེང་རྒྱུ་མེད་ལ། བོད་དོན་ནི་ལོ་དྲུག་ཅུའི་ཡར་སྔོན་ནས་ཐག་བཅད་ཟིན་པ་ཞིག་ཡིན།
    ཅེས་བོད་ཐོག་འཛིན་པའི་སྲིད་ཇུས་དང་ལ་ནམ་ཡང་འགྱུར་བ་མེད་པར་བསྟན་འདུག