གཞུང་འབྲེལ་སྲུང་མར་མང་མོས་འོས་བསྡུ།

 ཀླུ་སྨྱོན་ཧེ་རུ་ཀ

རང་རེའི་བོད་གཞུང་འདི་ནི་རྒྱ་མིས་བོད་ས་མ་འཕྲོགས་སྔོན་ནས་འཛམ་གླིང་གི་སྲིད་གཞུང་གཞན་དག་དང་མི་འདྲ་བའི་ལྷ་མི་མཉམ་འབྲེལ་གྱི་སྲིད་གཞུང་ཞིག་ཡིན་པ་དང་། སྲུང་མ་དམར་ནག་གཉིས་ཏེ་གནས་ཆུང་དང་ལྷ་མོ་འདི་གཉིས་ཆོས་རྒྱལ་གོང་མ་ཚོའི་དུས་ནས་ད་ལྟ་བར་དུ་བོད་གངས་ཅན་པའི་གཞུང་འབྲེལ་སྲུང་མའི་གཙོ་བོ་གཉིས་སུ་བཀུར་པ་དང་། བོད་ཀྱི་རྒྱལ་པོའི་གདུང་རྒྱུད་ཀྱིས་སྲིད་དབང་སྐྱོང་བའི་ལམ་ལུགས་མཇུག་རྫོགས་ནས་ས་ཕག་རིན་གཙང་བཞི་དང་། དེ་ནས་དགེ་ལུགས་པས་བོད་ཀྱི་སྲིད་དབང་བཟུང་བའི་བར་གྱི་ལོ་རྒྱུས་ཀྱག་ཀྱོག་དེ་ཚོའི་ནང་དུ་ཡང་སྲུང་མ་འདི་གཉིས་སྐབས་རེར་གཞུང་དོན་དང་མཉམ་ཞུགས་དང་མཚམས་རེར་ཁ་ཁུ་སིམ་པོར་བཞུགས་ནས་ད་ལྟ་ལ་ཐུག་གི་བར་དུ་བསླེབས་པ་དང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་སྤྱི་དང་ཁྱད་པར་དུ་སྐུ་ཕྲེང་བཅུ་གསུམ་པས་སྲུང་མ་འདི་གཉིས་ལ་དམིགས་བསལ་ཆེ་བསྟོད་ཀྱིས་དོལ་རྒྱལ་སོགས་སྲུང་མ་ཆུང་ཙག་རིགས་ཀྱི་འདུ་ལོང་རེ་ཞིག་བག་ལ་ཉལ་བ་དང་། ༧གོང་ས་འདི་བའི་རིང་ལ་སྲུང་མ་དམར་ནག་གཉིས་དེ་བོད་གཞུང་གི་གཞུང་འབྲེལ་ཆོས་སྐྱོང་དུ་བསྐོ་བཞག་གིས་ལོ་རེའི་རྒྱལ་བའི་སྐུ་ཕྱྭ་དང་བོད་ཀྱི་བདེ་ཐབས་སོགས་ཀྱི་ལུང་བསྟན་བཀའ་འདྲི་ཞུས་དང་ཞུ་བཞིན་པ་རེད་ལ། སྲུང་མ་འདི་གཉིས་ཀྱིས་ཀྱང་རང་གི་ནུས་ཚོད་འཇོན་ཚོད་ཀྱི་ལུང་བསྟན་བརྒྱབ་དང་རྒྱག་བཞིན་པ་རེད། ཡིན་ན་ཡང་། རང་རེའི་གཞུང་འདི་བཞིན་དམངས་གཙོའི་གཞུང་ཞིག་ཡིན་པས་གཞུང་འབྲེལ་སྲུང་མ་དེ་ཡང་བཀའ་བློན་ཁྲི་བ་འོས་བསྡུའི་ལམ་ནས་འཚོལ་བའི་ལུགས་སྲོལ་འདིའི་སྟེང་དུ་བཞག་སྟེ། བོད་ཆོལ་ཁ་གསུམ་གྱི་མི་མང་གིས་འོས་ཤོག་བླུགས་ནས་ཐག་གཅོད་བྱེད་དགོས་པ་ཞིག་ཏུ་མཐོང་ལ། གཞུང་འབྲེལ་སྲུང་མའི་འོས་གཞིར་བཞེངས་ཆོག་པའི་སྲུང་མ་དེ་ཡང་གནས་ཆུང་དང་ལྷ་མོ་གཉིས་ལས་རིང་དུ་བརྒལ་ཏེ། རྗེ་ཡི་མགུར་ལྷ་བཅུ་གསུམ་དང་བོད་སྐྱོང་བསྟན་མ་བཅུ་གཉིས། ཚེ་རིང་མཆེད་ལྔ་དང་དེ་མིན་མདོ་སྟོད་སྨད་ཀྱི་གཞི་བདག་དྲག་པོའི་རྩལ་དང་ཞི་བའི་ཇུས་ལ་མཁས་པ་གང་མང་ཞིག་བདམ་ཆོག་གི་རེད། ཡིན་ན་ཡང་ལོ་རྒྱུས་སྟེང་རྩོད་རྙོག་ཡོད་པའི་དོལ་རྒྱལ་ལྟ་བུའི་རིགས་གཞུང་འབྲེལ་སྲུང་མའི་འོས་ལྷས་ལངས་མི་ཆོག དེ་ལྟར་དམངས་གཙོའི་ལམ་ནས་རྒྱལ་ཁ་ཐོབ་པའི་གཞུང་འབྲེལ་སྲུང་མ་རེས་ལོ་བཞི་རེར་གཞུང་འབྲེལ་གྱི་ལུང་བསྟན་བརྒྱབ་ཆོག་པ་དང་། དེ་ནས་ཡང་སྐྱར་ལོ་རྗེས་མའི་གཞུང་འབྲེལ་གྱི་སྲུང་མའི་འོས་གཞིར་བཞེང་ཆོག་ལ། དམངས་གཙོའི་ལམ་ལུགས་བཞིན་བདམ་ཐོན་བྱུང་བའི་སྲུང་མ་གང་ཞིག་ཡིན་ཡང་ཐེངས་གཉིས་ལས་གཞུང་འབྲེལ་སྲུང་མའི་འོས་ལྷར་བཞེང་མི་ཆོག ཡིན་ན་ཡང་མི་སྒེར་གྱིས་སྲུང་མ་དེ་གསོལ་མཆོད་བྱེད་རྒྱུར་དགག་བྱ་མེད། དེ་བཞིན་གཞུང་འབྲེལ་སྲུང་མ་དེ་ཡང་མགོ་ནག་མི་ལ་ལྐོག་གྱུར་ཡིན་པའི་འདས་མ་འོངས་ད་ལྟའི་གནས་ཚུལ་རིགས་ཞུ་ས་ཞིག་ཡིན་པའི་ཆ་ནས་ལུང་བསྟན་ཡིད་ཆེས་འཕེར་བ་བརྒྱབ་ཡོད་མེད་ཀྱི་ཟིན་ཐོ་བྲིས་ནས་གཞུང་འབྲེལ་གྱིས་བརྟག་དཔྱད་བྱེད་དགོས་ཏེ། སྐུ་བརྟེན་གྱིས་ལུང་བསྟན་རྫུན་མ་བརྒྱབ་པའི་ལོ་རྒྱུས་མང་པོ་ཡོད་པས་སོ།། དེའི་ཕྱིར་གཞུང་འབྲེལ་སྲུང་མའི་འོས་ལྷར་བཞེང་མཁན་དག་ལ་མངོན་ཤེས་ཡོད་མེད་ཀྱི་བརྟག་དཔྱད་བྱེད་དུས་སུ། སྲུང་མ་དེ་སྐུ་རྟེན་གྱི་ཁོག་པར་སྤྱན་འདྲེན་ཞུས་ནས་ཁོག་ཞུགས་བྱས་ཡོད་པའི་ངེས་པ་རྙེད་མཚམས་སུ། སྲུང་མ་དེའི་རྒྱབ་ལོགས་སུ་གླེགས་བམ་མམ་ཕྲེང་བ་ལྟ་བུ་ཞིག་བཞག་སྟེ་རྒྱབ་ལོགས་དེར་དངོས་པོ་ཅི་ཞིག་འདུག་ཅེས་སྐད་ཆ་འདྲི་བ་དང་། དེ་བཞིན་སྲུང་མ་དེའི་རྒྱབ་ཕྱོགས་སུ་མི་ཞིག་ཡར་ལངས་ནས་སྡོད་པའམ་ཡང་ན་ས་ལ་བསྡད་དེ་མི་དེས་ཅི་ཞིག་བྱེད་བཞིན་འདུག་ཅེས་སྐད་ཆ་འདྲི་དགོས། གལ་སྲིད་སྲུང་མ་ཁོག་ཞུགས་དེས་གོང་གི་དྲི་བ་ཁག་ལ་ལན་མ་ནོར་བར་བརྒྱབ་ཚེ་སྲུང་མ་དེར་མངོན་ཤེས་ཡོད་པའི་ལག་ཁྱེར་སྤྲོད་པ་དང་། གལ་སྲིད་རང་གི་རྒྱབ་མདུན་གྱི་བྱ་དངོས་ཙམ་ཡང་མི་ཤེས་ན་སྲུང་མ་དེར་མངོན་ཤེས་མེད་པའི་སྲུང་མའི་ལག་ཁྱེར་ཙམ་ཞིག་ལས་སྤྲོད་མི་རུང་། དེ་ལྟར་བྱས་ནས་མངོན་ཤེས་ཡོད་པའི་སྲུང་མའི་རིགས་མ་གཏོགས་བོད་ཁ་བ་གངས་ཅན་པ་ས་ཡ་དྲུག་གི་བདེ་སྡུག་ཞུ་སའི་གཞུང་འབྲེལ་སྲུང་མའི་འོས་གཞིར་རྩ་བ་ནས་བཞེང་མི་ཆོག གལ་སྲིད་གནས་ཆུང་དང་ལྷ་མོ་ལྟ་བུའི་རིགས་ཀྱིས་ཀྱང་དེ་ལྟ་བུའི་ཐག་ཉེའི་ལུང་བསྟན་རྒྱག་མི་ཐུབ་ཚེ་གཞུང་འབྲེལ་སྲུང་མའི་ཐོབ་ཐང་ཕྱིར་བསྡུ་བྱེད་དགོས། ཡིན་ན་ཡང་སྐབས་དེ་དང་དེར་སྲུང་མ་དེ་དག་སྐུ་རྟེན་གྱི་ཁོག་པར་ཞུགས་ཡོད་མེད་ལ་བླ་མ་དང་སྐུ་རྟེན་ཉམས་མྱོང་ཅན་དག་གིས་བརྟག་དཔྱད་ནན་ཏན་བྱེད་དགོས། དེའི་ཕྱིར་ཉམས་དང་རྟོགས་པ་མཐོ་བར་གྲགས་པའི་བླ་མ་དག་མཉམ་འཛོམས་ཀྱིས་གོང་གི་རྗེ་ཡི་མགུར་ལྷ་བཅུ་གསུམ་ལ་སོགས་པའི་སྲིད་པའི་ལྷ་རྒན་རིགས་ཁོག་ཞུགས་བྱེད་སའི་སྐུ་རྟེན་འཚོལ་སྒྲུག་དང་། དེ་ཚོར་དབང་ལུང་རྗེས་གནང་གང་དགོས་གསུངས་ནས་མཚམས་བསྙེན་སྒྲུབ་རིགས་སྔོན་དུ་འགྲོ་བར་བྱེད་པ་དང་། གཞུང་འབྲེལ་སྲུང་མའི་འོས་གཞིར་མ་བཞེང་སྔོན་དུ་ལུང་བསྟན་སྣ་ཚོགས་གསུང་རྒྱུར་གོམས་སུ་འཇུག་དགོས། འོ་ན་སྲུང་མ་ཞིག་གཞུང་འབྲེལ་སྲུང་མའི་འོས་གཞིར་ཇི་ལྟར་བཞེང་དགོས་ཤེ་ན། དེ་ནི་སྲུང་མ་དེ་དང་དེའི་སྐུ་རྟེན་དེ་དག་གིས་རང་གི་ཁོག་པར་ཞུགས་མཁན་སྲུང་མའམ་ཆོས་སྐྱོང་དེ་ལ་མཐུ་དང་ནུས་པ་འདི་དང་དེ་ཡོད་ཅེས་སྤྱི་ཚོགས་སྟེང་ངོ་སྤྲོད་དང་འབྲེལ་རང་ལ་འོས་ཤོག་འཕེན་མཁན་གྱི་མི་དམངས་སྐུལ་སློང་བྱེད་དགོས། དེ་བཞིན་སྤྱི་ཚོགས་སྟེང་ནས་ཀྱང་སྲུང་མ་དེ་དང་དེ་དག་ལ་བོད་ཀྱི་གཞུང་འབྲེལ་སྲུང་མ་ཞིག་ལ་ཡོད་དགོས་པའི་མཐུ་དང་ནུས་པ་དེ་དག་ཡོད་མེད་ཀྱི་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། མི་རེ་ཟུང་གི་རྣ་བར་གཞུང་འབྲེལ་སྲུང་མ་འོས་བསྡུ་བྱེད་པ་འདི་སྙན་མོ་ཞིག་མིན་ན་ཡང་། བོད་ཀྱི་ཁ་དཔེར། ལྷ་མི་གཉིས་ཀྱི་བྱེད་སྟངས་གཅིག ཅེས་པ་ལྟར་དང་པོར་ཕྱི་རོལ་སྤྱི་ཚོགས་དང་ནང་གི་སེམས་ཁམས་དང་མཐུན་པོ་དེ་ཙམ་མེད་པའི་བྱ་དངོས་ཀྱི་རིགས་གང་ཡིན་ཡང་གོམས་འདྲིས་བསྟེན་ན། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་པ་ལྟར་ནམ་ཞིག་འཚོ་བའི་སྤྱི་འགྲོས་ཤིག་ཏུ་འགྱུར་ཡོང་གི་རེད། བསམ་བློ་ཞིབ་ཏུ་བཏང་ཚེ་༧གོང་ས་མཆོག་གི་མ་འདས་སྤྲུལ་སྐུ་ཞེས་པ་རྒྱལ་བའི་ལོ་རྒྱུས་སྟེང་མེད་པ་ཞིག་ད་ལྟ་ཡོངས་གྲགས་སུ་གླེང་བཞིན་པ་འདི་གཅིག་པོས་ཀྱང་འོས་བསྡུའི་ལམ་ནས་གཞུང་འབྲེལ་ཆོས་སྐྱོང་འཚོལ་བ་དེ་ད་ལྟའི་གནས་སྟངས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་དེ་གསལ་སྟོན་བྱེད་བཞིན་ཡོད་པ་རེད། ཞིབ་ཏུ་བསམས་ན་ཆོས་རྒྱལ་གོང་མ་ཚོའི་སྐུ་དུས་སུ་སུམ་གཉིས་ས་ལ་དབང་སྒྱུར་བྱེད་སྐབས་མཐུ་དང་ནུས་པ་འདོན་མྱོང་བའི་སྲིད་པའི་ལྷ་ཆེན་གང་མང་ཞིག་གིས་བོད་གངས་ཅན་པའི་གཞུང་འབྲེལ་སྲུང་མའི་འོས་གཞིར་བཞེང་རྒྱུར་ང་ཡིན་ཁོ་ཡིན་གྱིས་རྔམ་སྟབས་སུ་བཞུགས་བསྡད་ཡོད་ཀྱི་རེད། གོང་སྨྲོས་ཀྱི་བསམ་ཚུལ་འདི་ནི་ད་ལྟའི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་འདི་གཞིར་བཞག་གིས་བཏོན་པ་ཡིན་གྱི། ནམ་ཞིག་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མཇུག་བསྡུས་ནས་ཆོས་ཀྱིས་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་དུས་སྐབས་ཤིག་ཤར་ཚེ་ཆོས་སྐྱོང་སྲུང་མའི་རིགས་ཀྱི་ཟློས་གར་ཡང་དེ་ནས་མཇུག་རྫོགས་པ་རེད། དེ་ལྟར་བྱས་ནས་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་རྒྱལ་བསྟན་དར་རྒྱས་ཡུན་གནས་སོགས་འཕྲལ་ཡུན་གང་སར་ཕན་པའི་གཞུང་འབྲེལ་སྲུང་མ་དེ་དག་མང་མོས་འོས་བསྡུའི་ལམ་ནས་འཚོལ་སྒྲུག་གནང་རྒྱུ་དེ་ནི་ལྷ་མི་མཉམ་འབྲེལ་གྱི་སྲིད་གཞུང་ཞིག་ལ་མཚོན་ན་རྒྱལ་ཁབ་ཀྱི་དོན་ཆེན་ནང་གི་གལ་ཆེན་ཞིག་ཡིན་པས། ༧གོང་ས་ཆེན་པོའི་སྐུ་སྒེར་ཡིག་ཚང་དང་། བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་། ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལྷ་སྲུང་གི་སྐུ་རྟེན་རྣམ་པ། ལྷ་སྲུང་གི་ལམ་ལུགས་ལ་ཡོད་ཆེས་རྩེ་གཅིག་ཡོད་པའི་བོད་མི་ཡོད་དོ་ཅོག་གིས་གོང་ཞུས་གནད་དོན་འདི་ལ་ཐུགས་སྣང་བཞེས་ནས་དོན་ཆེན་གལ་ཆེན་དུ་བརྩི་བའི་སྐྱབས་འཇུག་དང་བཅས་ཕུལ་ལོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “གཞུང་འབྲེལ་སྲུང་མར་མང་མོས་འོས་བསྡུ།

  1. ཀླུ་སྨྱོན།

    རྒྱན་དྲུག་མཆོག་གཉིས་ཀྱིས་ཕྱི་རོལ་བའི་འདོད་ཚུལ་དགག་དུས་འདི་ལ་ཕན་པ་མི་འདུག་ཅེས་ཚིག་ཁ་ཤས་ཀྱིས་བཀའ་བཀྱོན་གནང་ནས་བཞག་མེད་པར་ཉིན་མཚན་མེད་པར་དེབ་རྒན་བྲིས་ནས་དགག་བཞག་བྱས་པ་རེད། རང་རེ་བོད་ཡུལ་འདི་ནི་འཛམ་གླིང་སྟེང་དུ་ལྷ་ཆོས་སྐྱོང་སྲུང་མས་སྤྱི་ཚོགས་དང་མི་སྒེར་གྱི་འཚོ་བར་ཇུས་གཏོགས་མགོ་ནས་མཇུག་བར་བྱེད་སའི་ཡུལ་གྲུ་ཨང་དང་པོ་དེ་ཡིན་པས། ལྷ་སྲུང་གི་གནད་དོན་འདི་ནི་མིག་བཙུམས་ནས་སྣང་ཆུང་བྱེད་ཆོག་ཆོག་ཅིག་རྩ་བ་ཉིད་ནས་མ་རེད་དོ།།ཁྱེད་རྣམ་པས་དགེ་བཤེས་དང་མཁས་པ་ཡིན་མདོག་གིས་སྣ་སྙེར་ཙམ་རེ་བྱས་པས་རང་རང་ལེ་ལོའི་ཉལ་ས་ན་རུལ་བསྡད་ཡོད་པ་དེ་ཙམ་མ་གཏོགས་གསལ་སྟོན་བྱེད་མི་ཐུབ། ལན་གྱིས་བཟློག་པར་མ་ནུས་ན། །དེ་ཡི་རྗེས་འབྲང་དེ་ཡི་ལུགས།།ཟེར་བ་མིན་ནམ།

  2. ཀླུ་སྨྱོན།

    རྒྱུ་མཚན་ཡང་དག་མེད་པའི་མགོ་བརྗོད་རྐྱང་རྐྱང་ལས་རྒྱུ་མཚན་ཡང་དག་པ་རེ་རྒྱབ་རྟེན་བྱས་ནས་ལུང་རིགས་ཀྱིས་དགག་གཞག་སྤེལ་ན་མི་ལེགས་སམ། བཀའ་སློབ་དང་བཀའ་བཀྱོན་སུས་ཀྱང་གནང་ཐུབ།

  3. བརྩོན་འགྲུས།

    ང་ཚོས་བསམ་ཚུལ་ལམ་གླེང་གཞི་གང་ཞིག་སྤེལ་ཡང། དེའི་དངོས་ཤུགས་བརྒྱུད་གསུམ་རྟོགས་པའི་སྒོ་ནས་སྤེལ་ཐུབ་ན་དེ་ནི་བཀུར་འོས་པའི་བོད་མི་རྩོམ་པ་པོ་ཞིག་ཏུ་བརྩི་ཆོག་མོད། བསམ་བློ་དང་། ཤེས་རྟོགས། ཕན་འབྲས། དམིགས་གཏད་གང་ཡང་མེད་པའི་རྩོམ་ཡིག་འདི་ལྟ་བུ་ནི། དོན་དངོས་ཐོག་རང་ཉིད་གང་དྲན་གླེང་མཁན་ཞིག་ཡིན་པ་གསལ་སྟོན་བྱས་པ་ཙམ་མོ།