ནོར་བཅོས།

ཕྱི་ཟླ་ ༡༡ ཚེས་ ༥ ཉིན་འདི་ནས་གནས་ཚུལ་སྤེལ་པའི་རྔ་པ་རྫོང་པ་གཅའ་ཞང་གི་ནགས་ཚང་མའི་ནང་རིན་ལ་ལོ་ ༤ ཁྲིམས་ཐག་བཅད་པ་ཞེས་འགོད་ནོར་ཐེབས་འདུག་པ་དང༌། དེ་ནི་ཕྱི་ཟླ་ ༤ ནང་གཅའ་ཞང་ཐོག་ནས་འཛིན་བཟུང་བྱས་པའི་རྔ་པ་རྫོང་གཅའ་ཞང་གཅའ་རུ་བའི་མགོ་རྡོ་ཚང་གི་ལྷུན་འགྲུབ་ཡིན་འདུག་པས་ཁོང་ལ་ལོ་ ༤ ཁྲིམས་ཐག་བཅད་འདུག་པ་ནོར་བཅོས་སུ་སོང་བ་དགོངས་འཇགས་འཚལ།
ཕྱི་ཟླ་ ༤ ནང་འཛིན་བཟུང་བྱས་པའི་གོང་གསལ་ནགས་ཚང་མའི་ནང་རིན་ལ་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྔ་པ་རྫོང་ཁྲིམས་ཁང་ནས་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད་པ་དང༌། ཁོང་ལ་གཅའ་ཞང་ཐོག་ནས་རྡུང་གཅོག་འཕྲོག་སྲེགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་གཏེ་བོ་ཡིན་པའི་ཉེས་འཛུགས་བྱས་ནས་དེ་ལྟར་ཁྲིམས་ཐག་ལྕི་མོ་བཅད་པ་ཡིན་འདུག རྔ་པ་རྫོང་ཁྲིམས་ཁང་ནས་སོང་མ་ཐག་པའི་བདུན་ཕྲག་དེའི་ནང་བསྟུད་མར་ཉིན་བཞི་ལ་ཁྲིམས་ཐག་གཅོད་པའི་ཚོགས་འདུ་འཚོགས་ནས་མི་བརྒྱད་ལ་ཁྲིམས་ཐག་བཅད་ཡོད་པ་དང༌། བདུན་ཕྲག་རྗེས་མའི་གཟའ་ཟླ་བ་ནས་ཡང་བསྐྱར་ཉིན་གསུམ་བཞི་ཞིག་ལ་ཁྲིམས་ཐག་གཅོད་པའི་ཚོགས་འདུ་འཚོགས་གཏན་འཁེལ་འདུག་པ་དང༌། གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན་ལོ་ཚད་མང་པོ་ཅན་ཚོ་རྗེས་ལ་བཞག་ཡོད་ཚུལ་འདུག་པས། ད་དུང་མི་མང་པོ་ཞིག་ལ་མུན་ནག་གི་ཞྭ་མོ་བཟོ་བཞིན་པའི་སྐབས་སུ་ལགས་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ནས། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༨ ལ།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply