མེས་དཔོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ལས་ཡོངས་ཀྱིས། འདས་པའི་ལོ་གསུམ་རིང་དཀའ་སྡུག་མཐའ་དག་ལ་གདོང་ལེན་བྱས་ཏེ་སློབ་མའི་རིག་གནས་སློབ་སྦྱོང་དང༌། ཀུན་སྤྱོད་སོགས་ཡར་རྒྱས་སུ་ཕྱིན་ཡོད་པ་མ་ཟད། ལག་ཤེས་སློབ་སྦྱོང་ལའང་འཕེལ་རྒྱས་ཆེན་པོ་ཕྱིན་འདུག
ཟླ་ ༡༢ པའི་ཚེས་ ༡ ཉིན་གྱི་སྔ་དྲོ་དཔེ་སྟོན་སློབ་གྲྭའི་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་རིག་གནས་འགྲེམས་སྟོན་གྱི་བྱ་འགུལ་ཞིག་སྤེལ་སོང་ལ། དེ་ནི་སློབ་མ་ཚོས་བྲིས་པའི་རི་མོ་དང༌། བོད་ཡིག་དང་དབྱིན་ཡིག་གི་རྩོམ་ཡིག བསྒྱུར་རྩོམ། ཚུགས་རིང་དང་ཚུགས་ཐུང་། འཁྱུག་ཚུགས་སོགས་ཀྱི་ཡིག་གཟུགས། གཞན། སློབ་མའི་ལག་ཤེས་སྐོར་གྱི་ཐོན་རྫས་མང་པོ་ཞིག་འགྲེམས་སྟོན་བྱས་སོང༌། གསར་འགོད་པས་འདིའི་ཐད་ཀྱི་གནས་ཚུལ་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་སུ་དྲིས་པར། ཁོང་གིས། དཔེ་སྟོན་སློབ་གྲྭར་མཚོན་ན་བྱ་འགུལ་འདི་ཐེངས་དང་པོ་ཆགས་ཡོད། ང་ཚོས་གངས་སྐྱིད་ནས་འགྲེམས་སྟོན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་ཕ་མ་མང་ཆེ་བ་གངས་སྐྱིད་དུ་ཡོད་པ་དང༌། ཕ་མ་ཚོར་བྲེལ་བ་ཆེ་བ། ང་ཚོར་འགྲེམས་སྟོན་བྱེད་སའི་ས་ཆ་མེད་པ་སོགས་ཀྱིས་ད་ལྟའི་བར་སྒྲུབ་ཐུབ་མ་སོང༌། དེ་རིང་ང་ཚོས་ཕ་མ་ཚོར་རང་གི་བུ་ཕྲུག་གིས་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྟོན་ཆེད་བྱ་འགུལ་འདི་སྤེལ་བ་ཡིན་ཅེས་བརྗོད་སོང་ལ། ཡང་ཁོང་གིས། སློབ་གྲྭའི་ནང་ཟླ་རེའི་གཟའ་སྤེན་པ་དང་པོ་དང་བཞི་བ། ཉིན་གོང་རྒྱབ་ཀྱི་དུས་ཚོད་ནང་ལག་ཤེས་སྐོར་སློབ་སྦྱོང་བྱེད་ཀྱིན་ཡོད། དངོས་རྫས་འདི་དག་ནི་འགྲེམས་སྟོན་ལ་དམིགས་ཏེ་བཟོས་པ་མིན་པར་སློབ་མས་ལག་ཤེས་སློབ་སྦྱོང་སྐབས་བཟོས་པ་རེད། སློབ་མ་ཚོར་འདི་ལ་སྤྲོ་སྣང་ཆེན་པོ་འདུག འདི་ཐེངས་དང་པོ་ཡིན་པ་དང་རྗེས་མར་འདི་ལྟ་བུའི་ལས་འགུལ་མུ་མཐུད་སྤེལ་འཆར་ཡོད་ཅེས་བརྗོད་སོང༌། དེ་བཞིན་ཚོགས་ཁང་གི་ཕྱོགས་བཞི་རུ་སྡེ་ཚན་མི་འདྲ་བ་ལྔའི་ཐོག་འགྲེམས་སྟོན་བྱེད་བཞིན་ཡོད་འདུག་ལ། སྡེ་ཚན་ལྔ་ལ་སློབ་མ་ལྔ་ཡིས་འགྲེལ་བཤད་རྒྱག་གིན་འདུག སློབ་མ་དེ་དག་གིས་བོད་ཆས་གཙང་དག་རེ་གྱོན་ཞིང༌། ལག་ཏུ་དབྱིག་པ་ཆུང་ཆུང་རེ་བཟུང་སྟེ་སྡེ་ཚན་རེ་རེའི་འགྲེམས་སྟོན་སྐོར་ཕ་མ་དང་གཟིགས་མོ་བ་ཡོངས་ལ་འགྲེལ་བཤད་རྒྱག་གིན་འདུག ངས་ཡིག་གཟུགས་སྡེ་ཚན་གྱི་འཛིན་གྲྭ་ལྔ་བའི་སློབ་མ་བསྟན་འཛིན་ཆོས་འཛོམས་ལ་ཡིག་གཟུགས་མི་འདྲ་གསུམ་གྱི་ཐོག་ཀློག་འདོན་བྱེད་དུ་བཅུག་པ་ཡིན་ལ། མོས་བྱང་ཆ་ལྡན་པའི་ངང་བཀླགས་པ་མ་ཟད་དོན་ཡང་འགྲེལ་བཤད་བརྒྱབས་སོང་། དེ་བཞིན་རྩོམ་ཡིག་སྡེ་ཚན་དུ་ཡོད་པའི་སློབ་མ་དེས་སྐད་གསེང་མཐོན་པོས་རྩོམ་ཡིག་ཀློག་འདོན་བྱས་རྗེས། དེར་ཡོད་ཀྱི་ཕ་མ་སོགས་ལ་བོད་རང་བཙན་དང་འབྲེལ་བའི་རྩོམ་ཡིག་ཅིག་ལ་འགྲེལ་བཤད་བྱེད་ཀྱིན་འདུག ངས་སྡེ་ཚན་གཞན་གྱི་སློབ་མ་ཚོས་འགྲེལ་བཤད་རྒྱག་སྟངས་ལ་ཞིབ་ཉན་བྱས་པ་ཡིན་ལ། སློབ་མ་དེ་དག་གིས་རེ་རེ་བཞིན་སྐུ་མགྲོན་དང་ཕ་མ་རྣམས་ལ་བོད་སྐད་གཙང་མས་འགྲེལ་བཤད་རྒྱག་གི་འདུག