ཕྱི་ཚེས་ ༡ ཉིན་ནས་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ནི་ཚོགས་གཙོའི་ལས་གནས་ནས་འཁྱུར་དགོས་བྱུང་ཡོད་པ་དང་། ཡིན་ནའང་སྤྱི་འཐུས་ཚོགས་གཙོར་གསར་དུ་ཕེབས་མཁན་སྤྱི་འཐུས་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་མཆོག་ཕྱིར་མ་ཕེབས་བར་དུ་ཚོགས་གཙོའི་དམ་བཅའ་འབུལ་ཐུབ་གི་མེད་སྟབས། ཕྱི་ཚེས་ ༡ ཉིན་ནས་བདུན་ཕྲག་གཉིས་རིང་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོགས་གཙོ་མེད།
མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་ནས་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོའི་འགན་འཁྱེར་དགོས་ཡོད་ནའང་། དམ་འབུལ་གྱི་གོ་སྐབས་མ་བྱུང་བར་བསྡད་ཡོད། ༧གོང་ས་མཆོག་གིས་ལོ་ཤས་གོང་དུ་ཁོང་ཉིད་བཞུགས་མེད་དུས་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་གཞོན་གྱི་དམ་འབུལ་དེ་བོད་མིའི་ཁྲིམས་ཞིབ་པ་ཆེན་མོའི་མདུན་ནས་དམ་བཅའ་འབུལ་ཆོག་རྒྱུའི་ལམ་སྟོན་གནང་ཡོད་ནའང་། སྤྱི་འཐུས་གྲོས་ཚོགས་ནས་བགྲོ་གླེང་གནང་མཐར་ད་མུས་བཞིན་༧གོང་ས་མཆོག་གི་མདུན་ནས་མ་གཏོགས་དམ་བཅའ་འབུལ་མི་ཆོག་པའི་གྲོས་ཐག་བཅད་ཡོད་པ་རེད།
མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་སྤྱི་འཐུས་ཚོགས་གཙོར་ཕེབས་སྐབས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ལས་གནས་གཞན་ནས་དགོངས་པ་ཞུ་དགོས་ཀྱི་ཡོད་པས། ཁོང་གིས་ད་ལྟའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ནས་དགོངས་པ་ཞུས་ཡོད་པ་དང་། ཁོང་གི་ཚབ་ཏུ་མདོ་སྟོད་སྤྱི་འཐས་ཆོས་སྐྱོང་དབང་ཕྱུག་ལས་བསྐོས་ཡོད་པ་རེད།
གཞན་ཡང་ཚོགས་དྲུང་ལས་ཁུངས་ནས་ཟླ་ ༡༡ ཚེས་ ༢༧ ཉིན་འཁོད་གསལ་བསྒྲགས་ལྟར་ན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ་ ༢༠༠༩ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ་ནས་ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པ་བར་ལས་དུས་ཉིན་གྲངས་བཅུ་གཅིག་རིང་བཞུགས་སྒར་སྤྱི་འཐུས་ཚོགས་ཁང་དུ་འཚུག་གཏན་འཁེལ་ཡོད་པ་དང་། སྤྱི་འཐུས་རྣམས་ཕྱི་ཟླ་ ༣ ཚེས་ ༨ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་དགོས་ཀྱི་ཚོགས་ཡོད་འདུག