དུས་ཚོད་འོས་འཚམ་མ་རེད།

༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་འཆར་གྱི་གནས་ཚུལ་དེ་ཉིན་ཤས་སྔོན་གསར་ལམ་ཁག་ཏུ་ཁྱབ་ཡོད་པ་དང་། དེའི་ཐའེ་ཝན་སྲིད་འཛིན་མཱ་ཡུན་ཇིག་གིས་རྒྱ་ནག་ལ་བསྟུན་ཏེ། ད་ལྟའི་དུས་འདིར་དུས་ཚོད་འོས་འཚམས་ཤིག་མ་རེད་བསམ་གྱི་འདུག་ཅེས་གསར་ལམ་ཁག་ཏུ་བཤད་ཡོད་པ་རེད།

༧གོང་ས་མཆོག་གིས་ད་ཆར་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་མཚོ་འགག་གཉིས་ཀྱི་འབྲེལ་བ་དེ་ག་ལེར་ཡར་རྒྱས་སུ་འགྲོ་གི་ཡོད་སྟབས། འདི་ནི་དུས་སྐབས་ཡག་པོ་ཞིག་ཡིན་པ་འདྲ། ཞེས་ཁོང་ཉིད་ཐའེ་ཝན་དུ་ཕེབས་འདོད་ཡོད་སྐོར་གསུངས་ཡོད། ཕྱི་ཚེས་ ༣ ཉིན་ཐའེ་ཝན་སྲིད་འཛིན་མཱ་ཡུན་ཇིག་གིས་ཐའེ་པེ་ནས་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་དང་ལེན་བྱེད་སྐབས། ཐའེ་ཝན་གྱིས་སྤྱིར་བཏང་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་གླིང་ཕྲན་དེའི་ནང་ཕེབས་པར་དགའ་བསུ་ཡོད། འོན་ཀྱང་། ཏཱ་ལའི་བླ་མ་ཁོང་ཉིད་ཕེབས་འདོད་ཀྱི་ཐུགས་རེ་དེ་ད་ལྟའི་ཆར་སྐོང་མི་ཐུབ་ཚུལ་བརྗོད་ཡོད་འདུག སྲིད་འཛིན་མཱ་ཡུན་ཇིག་གིས། ད་ལྟའི་གནས་སྐབས་འདིར་ངའི་བསམ་ཚུལ་ལ་དུས་ཚོད་དེ་འོས་འཚམ་མ་རེད་བསམ་གི་འདུག ཅེས་བརྗོད་ཡོད་པ་རེད།

གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་མཱ་ཡུན་ཇིག་གིས་འགྲེལ་བཤད་རྒྱས་པ་གནང་མེད་ནའང་། ཁོང་གི་བསལ་ཚུལ་ལ་ཟླ་སྔོན་མའི་ནང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཐའེ་ཝན་གླིང་ཕྲན་དུ་ལོ་རྒྱུས་རང་བཞིན་གྱི་ལྟ་སྐོར་བྱས་སྐབས་ཕྱོགས་གཉིས་བར་དུ་དཔལ་འབྱོར་གྱི་གྲོས་ཆོད་རིམ་པ་མང་པོ་ཞིག་བཞག་པ་དེ་དག་རྒྱ་བསྐྱེད་བྱེད་རྒྱུའི་འདོད་པ་ཡོད་ཚུལ་ཤུགས་ཆེར་བརྗོད་ཡོད་སྟབས། ༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་པའི་དུས་ཚོད་འོས་འཚམ་མིན་ཚུལ་བརྗོད་པ་ཡང་ཕྱོགས་གཉིས་བར་གྱི་གྲོས་དོན་ལ་གནོད་པར་འདོད་པའི་དབང་གིས་ཡིན་པར་བརྗོད་ཀྱི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply