འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ་ཞེས་པའི་བརྩམས་སྒྲུང་།

བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྩོམ་པ་པོ་གཉོམ་ཆུང་ཤོས་དང་། སྤྱི་ཚོགས་འདིའི་རྩ་བ་ལྟར་སྐྱེས་ཤིང་འཚར་བའི་མ་རྐང་གི་མི་རབས་ཐོག་མ་སྟེ། ད་ཆར་བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པའི་ཐུགས་འགན་བཞེས་མཁན་ཐུབ་བསྟན་བསམ་འཕེལ་ལགས་ཀྱི་བརྩམས་སྒྲུང་ཐོག་མ། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ། ཞེས་པ་དེ་ད་ཆར་དངོས་སུ་དཔར་སྐྲུན་གྱིས་འགྲེམ་འཚོང་གནང་མགོ་བཙུགས་ཡོད་འདུག

ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཁོང་གི་ཡིག་ཚང་ནས་སྒྲུང་རྩོམ་འདིའི་སྐོར་ལ་གསུངས་དོན། ཐོག་མར་བརྩམས་སྒྲུང་འདིས་ཁ་བྱང་གིས་བསྟན་དོན་ལྟར། སྒྲུང་འདིའི་ནང་གི་བརྗོད་བྱ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་རབས་དང་པོ་སྟེ། ཕ་ཡུལ་བོད་ནས་སྐྱེས་མ་ཐག་གི་ཁ་མཚམས་དེར་གློ་བུར་དུ་ཁ་བྲལ་ཏེ་མིའི་ལུང་པར་འཐོར་མཁན་དག་གི་མི་ཚེའི་མྱོང་བ་དང་ཕུགས་བསམ་གྱི་སྐོར་ཡིན་ལ། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ་ཞེས་པའང་མི་རབས་འདི་དག་འཛམ་གླིང་གི་ཡང་རྩེར་སྐྱེས་མ་ཐག་མིའི་ལུང་པར་འཚར་ལོངས་བྱུང་དགོས་པའི་གནས་སྟངས་ཤར་ཞིང་། ཁོང་ཚོས་གནས་སྟངས་འདིའི་ཐད་རྩད་ཞིབ་བྱས་པའི་སྐོར་ཡིན་ཅེས་གསུངས་བྱུང་བས། སྒྲུང་འདིའི་ནང་དུ་བཙན་བྱོལ་བོད་མིའི་མི་རབས་དང་པོ་རྣམས་ཀྱིས་བོད་དོན་ཐད་འཁྱེར་བའི་རྣམ་འགྱུར་དང་། དཔྱད་ཞིབ། རྩོད་སྒྲུབ་བཅས་བྱས་པའི་སྐོར་བྲིས་ཡོད་འདུག

ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ནི་ལྡི་ལི་མཐོ་སློབ་ནས་ཡིན་པའི་བཀྲ་ཤིས་ཞེས་པ་ཞིག་ཡིན་ལ། ཁོང་ནི་མཐོ་སློབ་དེར་བོད་ཀྱི་དམར་ཤོག་ཚོགས་པ་རྩ་འཇུགས་བྱེད་མཁན་གྲས་དང་ཚོགས་པ་དེའི་ཚོགས་གཙོ་ཡིན་ལ། ཁོང་ཚོས་བོད་འདི་དམར་པོའི་རིང་ལུགས་ཀྱིས་བཙན་བཟུང་བྱས་སྟབས། བོད་རྒྱ་ནག་གི་འོག་ནས་བཅིངས་འགྲོལ་གཏོང་དགོས་ནའང་དམར་ཤོག་གི་མཚོན་ཆ་དེ་རང་བེད་སྤྱོད་གཏོང་དགོས་པའི་ཡིད་ཆེས་དང་རྩོད་སྒྲུབ་བྱས་ཏེ་ཚོགས་པ་དེ་བཙུགས་པ་དང་། རྗེས་སུ་བཀྲ་ཤིས་ཁོང་གྲུབ་ཆེན་རིན་པོ་ཆེ་ཞུ་བ་ཞིག་གིས་བོད་ཀྱི་བླ་ཆེན་ཞིག་གི་ཡང་སྤྲུལ་དུ་ངོས་འཛིན་བྱས་སྟབས། བཀྲ་ཤིས་ཀྱིས་དམར་པོའི་རིང་ལུགས་དང་བོད་མིའི་སྲོལ་རྒྱུན་གྱི་ཕྱོགས་གང་ཞིག་འདེམ་པར་བསམ་བློའི་འགལ་འདུ་བྱུང་བའི་སྐོར་ཡང་བྲིས་ཡོད་འདུག

ཐུབ་བསྟན་བསམ་འཕེལ་ལགས་ཀྱི་བརྩམས་སྒྲུང་འདི་ནི་བཙན་བྱོལ་བོད་མིའི་མི་རབས་དང་པོའི་གྲས་ཀྱི་བརྩམས་སྒྲུང་ཐོག་མ་མིན་ན། བརྗོད་གཞི་ངེས་ཅན་གྱི་སྟེང་ནས་དེ་ལྟར་ཡིན་ཏེ། འདིའི་ཐད་ཁོང་གིས་གསུངས་དོན། ངའི་བརྩམས་སྒྲུང་འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གྲུབ་ཆའི་ཐད་ཞིབ་ཚགས་པོ་དང་། མི་རབས་འདི་དག་གི་ཉམས་མྱོང་སྐོར་ཞིབ་ཆའི་སྒོ་ནས་བྲིས་པའི་བརྩམས་སྒྲུང་ཐོག་མ་ཡིན་པ་འདྲ་ཞེས་གསུངས་བྱུང་།

གོང་དུ་གླེང་བ་བཞིན། ཐུབ་བསྟན་བསམ་འཕེལ་ལགས་ནི་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་དབྱིན་ཡིག་གི་ཤེས་ཚད་མཐོ་ཤོས་ཀྱི་གྲས་ཡིན་པ་ཡོངས་གྲགས་ལྟར། ཁོང་ཉིད་ནི་མ་གཞི་ནས་སྤྱི་ཚོགས་འདིའི་ནང་གི་རྩོམ་པ་པོ་གཉོམ་ཆུང་ཞིག་ཡིན་ལ། ཁོང་གིས་དུས་ནས་དུས་སུ་ངྷ་སའི་ཉིན་ཐོ་དང་བོད་འབྲེལ་གྱི་ཆབ་སྲིད་དཔྱད་བརྗོད་སོགས་དབྱིན་ཡིག་ནང་བྲིས་ཏེ་ཕྱི་རྒྱལ་དང་བཙན་བྱོལ་བོད་མིའི་གསར་ལམ་ཁག་བཅས་སུ་འགྲེམ་སྤེལ་བྱས་དང་བྱེད་མུས་ཡིན་ལ། ཁོང་གི་བརྩམས་སྒྲུང་། འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ། ཞེས་པའི་དཔེ་དེབ་དེ་ད་ཆར་ལྡི་ལིར་ཡོད་པའི་རུ་པ་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་བྱས་ཡོད་ལ། དེབ་དེར་ཤོག་ངོས་ ༣༡༨ དང་། རིན་གོང་ཧིན་སྒོར་ ༢༦༦ བྱས་ཏེ་བཙོང་གི་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

13 thoughts on “འཛམ་གླིང་གི་ཡང་རྩེ་ནས་ཟེགས་པ་ཞེས་པའི་བརྩམས་སྒྲུང་།

  1. དཀར་ཕྱོགས་གཉེར་ཉེ།

    ཁ་བ་དཀར་པོ་རླུང་གིས་འདེད་དེ་གནམ་ལ་ཟེགས་ཀྱི་ཡོད་ན་མ་གཏོགས་ཆར་པའི་ཆུ་དང་ཐེགས་པ་ས་ལ་འཐོར་གྱི་འདུག་གོ།