ཁོང་ཚོ་བོད་ཀྱི་དམག་མི་རེད།

ད་ལྟའི་ཆར་གུ་ཡངས་ཅུང་ཕྱིན་ཡོད་ནའང༌། གྲྭ་བ་ཚོར་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་ཡོད་པ་དང༌། བོད་པ་ཚོར་ཐོབ་ཐང་འཛིན་ཡིག་ཡོད་ནའང༌། རླངས་འཁོར་སོགས་ཀྱི་ནང་དམག་མིས་གང་འདོད་དུ་བསྔོག་བཤེར་བྱས་ཏེ། ལག་འཁྱེར་ཁ་པར་ནང་༧གོང་ས་མཆོག་གི་པར་དང་མི་རིགས་ལ་རྒྱའི་སྐོར་གྱི་གཞས་ཡོད་ཚེ་གྲྭ་བ་ཡིན་མིན་གྱི་ཁྱད་པར་ཅི་ཡང་མེད་པར་ཉེས་རྡུང་གཏོང་གི་འདུག་ཅེས་བོད་ནས་ཡོངམཁན་ཞིག་གིས་བརྗོད་བྱུང༌།

ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པ་བོད་གཞུང་དབུས་སྣེ་ལེན་ཁང་ཏུ་ཕྱིན་པ་ཡིན་ལ། འབྲེལ་ཡོད་ལས་བྱེད་ཀྱིས་བཤད་དོན། ཞོགས་པར་བུ་མོ་ ༨ དང༌། བུ་་ ༢༩ བཅས་ཁྱོན་སྡོམ་མི་ ༣༧ གྱི་མིང་ཐོ་འབྱོར་སོང༌། དེའི་ཁྲོད་ཀྱི་མི་ ༤ ལྡི་ལི་ནས་གཉེན་ཉེའི་ནང་བསྡད་ཡོད་ཚུལ་འདུག་གསར་དུ་འབྱོར་མཁན་ཚོའི་མང་བོ་ཞིག་ད་ནངས་ཞོགས་པ་ནས་འདི་རུ་ཡོད་པའི་གཉེན་ཉེའི་སར་ཕྱིན་སོང༌། འདིར་སླེབས་པ་མང་ཆེ་བ་ནག་ཆུའི་ཕྱོགས་ནས་རེད། མི་རྒན་པ་མང་སྟབས་ཕལ་ཆེར་མཇལ་བ་ཡིན་ཚོད་འདུག ཆབ་སྲིད་བཙོན་མ་ལྟ་བུའི་དམིགས་བསལ་གྱི་མི་སྣ་ཡོད་མེད་གསལ་བོ་གོ་མ་སོང༌། ཡིན་ནའང༌། དཔའ་བོ་རུང་རྒྱས་ཨ་གྲགས་ལགས་ཀྱི་ཚ་མོ་རེད་ཅེས་པའི་བུད་མེད་ཅིག་སླེབས་འདུག ད་ནངས་ཞོགས་པར་གྲྭ་བ་ཞིག་གིས་འདི་ནས་ཁྲིད་སོང་ཟེར། འདི་ནི་ལོ་འདིའི་གསུམ་བཅུའི་དུས་དྲན་རྗེས་ནས་བོད་ནང་གི་གཞིས་ལུས་མི་དམངས་ཚོ་ངྷ་སར་ཕེབས་པའི་སྐོར་ཐེངས་མང་ཤོས་ཐོག་མ་དེ་ཡིན།

སྣེ་ལེན་ཁང་གི་བུའི་ཉལ་ཁང་དུ་ཕོ་གསར་མང་པོ་ཞིག་གཡས་ལོག་གཡོན་ལོག་བྱས་ནས་བསྡད་འདུག་ལ། ཉེ་ཆར་སྟོང་སིང་ངེར་གྱུར་བའི་ཁང་རྒན་འདིའི་ནང་དུ་སླར་ཡང་གཞིས་ལུས་བོད་མི་རྣམས་ཀྱིས་ཁེངས་འདུག  དེར་ཡོད་ལི་ཐང་ནས་ཡིན་ཞིང་མིང་བརྗོད་འདོད་མེད་མཁན་གྱི་གྲོགས་པོ་ཞིག་ལ། ད་ལྟའི་ལི་ཐང་ཕྱོགས་ཀྱི་གནས་སྟངས་སྐོར་དྲིས་པར། ཁོས། ང་རང་གྲྭ་བ་ཡིན། གཞན་པའི་གནས་ཚུལ་ངས་གསལ་བོར་ཤེས་ཀྱི་མེད། དགོན་པའི་ཕྱོགས་ནས་སྤྱིར་ལི་ཐང་རྫོང་ལ་དགོན་པ་ ༢༤ ལྷག་ཡོད་པ་དང༌། ང་རང་ལི་ཐང་རྫོང་དགོན་ཆེན་གྱི་གྲྭ་བ་ཡིན། ལོ་འདི་ནས་བཟུང་རྒྱ་ནག་གིས། ང་ཚོའི་དགོན་པའི་འདུ་ཁང་གི་ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བཙུགས་ཡོད་པ་དང༌། ལོ་བཅོ་བརྒྱད་མ་ལོན་པར་དགོན་པའི་ནང་གྲྭ་བ་བྱས་མི་ཆོག་པའི་སྒྲིག་ཁྲིམས་གསར་བ་ཞིག་ཀྱང་བཟོས་ཡོད་པ་རེད། ང་ཚོའི་དགོན་པའི་ནང་གྲྭ་བ་ཕྱིར་ཕུད་པ་དེ་འདྲ་བྱུང་མ་སོང༌། ཡིན་ནའང༌། དགོན་པ་གཞན་ནང་ལོ་བཅོ་བརྒྱད་མ་ལོན་པའི་གྲྭ་བ་ཕྱིར་ཕུད་བྱས་པའི་གནས་ཚུལ་མང་པོ་ཐོས་ཀྱི་འདུག གྲྭ་བའི་གྲངས་འབོར་ཚོད་འཛིན་ཐད་ང་ཚོ་ལ་དེ་འདྲའི་གནས་ཚུལ་མི་འདུག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སོགས་ཀྱང་བྱས་མ་སོང༌། ཅེས་བརྗོད་བྱུང༌།

ཡང༌། ཕ་ཡུལ་མགོ་ལོག་རྨ་ཆེན་ནས་ཡིན་པའི་གྲོགས་པོ་ཞིག་གིས། ལོ་འདིའི་མགོ་ལོག་ས་ཁུལ་གྱི་སྒེར་ལངས་སྐབས་ཀྱི་གནས་ཚུལ་དང་ད་ལྟའི་གནས་སྟངས་ཐད་ཁོང་གིས། ང་རང་ལོ་འདིའི་ཞི་རྒོལ་ཁྲོད་ཞུགས་མེད་ནའང༌། སྐབས་དེའི་བྱུང་རྐྱེན་མཐའ་དག་གསལ་བོར་མཐོང་ཡོད་ལ་ང་རང་ས་གནས་དེ་རུ་ཡོད། རྨ་ཆེན་ནས་ཐེངས་དང་པོའི་གནས་ཚུལ་དེ་ཁ་ཆེ་ལྷ་ཁང་ཞིག་གཏོར་བཅོམ་གཏོང་བ་ནས་མགོ་བརྩམས་པ་རེད། ལྷ་ཁང་གཏོར་བཅོམ་གཏོང་བར་བོད་མི་དང་ཁ་ཆེའི་བར་འཁྲུག་འཛིང་ཤོར་བ་དང་སྐབས་དེར་རྨ་ཆེན་རྫོང་གི་དམག་མིས་བཀག་འགོག་བྱེད་མ་ཐུབ་པར་དུག་རླངས་འགད་རྫས་གཏོར་ནས་ཕན་ཚུན་མཚམས་འཇོག་བྱས་མཚམས་དེར། ལན་ཀྲུའུ་དམག་ཁུལ་ཁང་གི་དམག་མི་མང་པོ་སླེབས་སོང༌། སྐབས་དེར་ཁུལ་སྟོན་ཡིན་པས་གྲྭ་བ་མང་བའི་དུས་ཤིག་རེད་ལ། གྲྭ་བ་མང་པོ་མགྲོན་ཁང་ཏུ་ཡོད་པས་དམག་མིས་གྲྭ་བ་ཚོར་ཉེས་རྡུང་གཏོང་གི་འདུག  མགོ་ལོག་ས་ཁུལ་གྱི་རྨ་ཆེན་ལས་གཞན་གཅིག་སྒྲིལ་རྫོང་དང༌། དར་ལག་རྫོང་སོགས་ས་ཁུལ་མང་པོ་ཞིག་ནས་ཡར་ལངས་བྱས་པ་རེད་ལ་དེའི་སྐོར་གྱི་གནས་ཚུལ་ཞིབ་ཆ་ཤེས་ཀྱིན་མེད། ད་ལྟའི་དུས་འདིར་སྔོན་མ་ལས་གུ་ཡངས་སུ་ཕྱིན་འདུག ཡིན་ནའང༌། གྲྭ་བ་ཚོར་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག གྲྭ་བ་ཚོར་ཐོབ་ཐང་འཛིན་ཡིག་སོགས་ཡོད་ནའང་རླངས་འཁོར་སོགས་ཀྱི་ནང་དམག་མིས་གང་འདོད་དུ་བསྔོག་བཤེར་བྱས་ཏེ། ལག་འཁྱེར་ཁ་པར་ནང་རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་མི་རིགས་ལ་རྒྱའི་སྐོར་གྱི་གཞས་ཡོད་ཚེ་གྲྭ་བ་ཡིན་མིན་གྱི་ཁྱད་པར་ཅི་ཡང་མེད་པར་ཉེས་རྡུང་དྲག་པོགཏོང་གི་ འདུག  ང་རང་གིས་གོ་ཐོས་ལྟར་ན། རྒྱ་ནག་གིས་བོད་ཀྱི་དམག་མི་གྲྭ་བ་ཡིན་ཅེས་བཤད་ཀྱི་ཡོད་པ་རེད་ཟེར། གྲྭ་བ་ཚོར་དམིགས་བསལ་གྱི་ལྟ་རྟོག་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག ད་ལོ་མགོ་ལོག་ས་ཁུལ་གྱི་མི་མང་པོ་འཛིན་བཟུང་བྱས་ཡོད་པ་དང༌། རྒྱ་ནག་གིས། གལ་སྲིད་མི་འཛིན་བཟུང་བྱས་པའི་མི་དེ་དག་གི་གསང་བ་ཕྱིར་བཏོན་ཐུབ་པ་ཡིན་ན་རྒྱ་སྒོར་ ༢༥༠༠༠ ལྷག་གི་གཟེངས་རྟགས་སྤྲོད་བཞིན་ཡོད་པ་རེད། ལོ་འདིའི་ནང་སྔོན་དང་མི་འདྲ་བར་དམག་མིའི་ས་ཆ་གང་སར་ཁྱབ་འདུག  ཅེས་བརྗོད་སོང་ལ། ལྷ་སའི་གནས་ཚུལ་ཐད་ལ་ཁོང་གིས། ང་རང་མེ་འཁོར་ནང་ཡོང་བ་ཡིན། ལམ་བར་ནས་དམག་མིས་ལྟ་རྟོག་ནན་མོ་བྱེད་ཀྱིན་འདུག ལྷ་ས་ནས་ཉིན་བཅུའི་རིང་བསྡད་པ་ཡིན་ལ་ད་ལྟ་དམ་དྲག་དེ་འདྲ་མི་འདུག ཡིན་ནའང༌། དགེ་འདུན་པ་ཚོར་ང་ཚོ་དང་མི་འདྲ་བར་དམིགས་བསལ་གྱི་དམ་དྲག་བྱེད་བཞིན་འདུག ང་བསྡད་སའི་མགྲོན་ཁང་དེར་གསེར་རྟ་དགོན་པའི་གྲྭ་བ་གཉིས་ཡོད་པ་དང༌། ཉིན་ཁ་ཤས་རིང་ཁོང་གཉིས་མགྲོན་ཁང་ནང་ཡོང་གི་མི་འདུག ཕྱི་དྲོ་ཞིག་ལ་ཁོང་གཉིས་སླེབས་སོང་ལ་ཁོང་གཉིས་དམག་མིའི་འཛིན་བཟུང་བྱས་ཏེ་འདྲི་བརྩད་བྱས་ཡོད་འདུག་ལ། ཡིག་ཆ་མང་པོ་བཟོ་རུ་བཅུག་ཡོད་འདུག  གྲྭ་བ་ཞིག་ཡིན་ཚེ་ས་ཆ་གང་དུ་སོང་ཡང་ཐོ་འགོད་བྱ་དགོས་པའི་སྒྲིག་ཁྲིམས་ཞིག་ཡོད་འདུག་ལ། ཐོ་འགོད་སོགས་མ་བྱས་ཚེ་རང་དགར་སོང་ཆོག་གི་མི་འདུག ཅེས་བརྗོད་སོང༌། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཁོང་ཚོ་བོད་ཀྱི་དམག་མི་རེད།

  1. དཀར་ཕྱོགས་གཉེར་ཉེ།

    འདྲེ་དམག་མ་རེད། ལྷ་དམག་རེད། ཁྱི་སེང་མ་རེད། གངས་སེང་རེད།

    བོད་གངས་ཅན་ཡུལ་ལ་དམག་དཔུང་ཡོད། །གླིང་གཞན་ལ་མེད་པའི་ལྷ་དམག་ཡོད།། དེ་སེར་མོ་ཞི་བའི་ལྷ་དམག་ཡིན། །ཆོས་གླེགས་བམ་ཞི་བའི་མཚོན་ཆ་ཡིན༎

    བོད་གངས་ཅན་ཡུལ་ལ་སེངྒེ་ཡོད། །གླིང་གཞན་ལ་མེད་པའི་གངས་སེང་ཡོད༎
    ༸གོང་ས་མཆོག་ཞི་བའི་གངས་སེང་ཡིན། །སྐུའི་མཛད་འཕྲིན་སེངྒེའི་དཔའ་རྩལ་ཡིན།།

  2. རེད།
    གོང་དུ་བརྗོད་པའི་གནས་ཚུལ་རྣམས་སྤྱི་ཚོགས་ཀྱི་ཟུར་ཞིག་གི་གནས་ཚུལ་རེད།
    ད་དུང་ང་ཚོས་མ་ཐོས་པ་དང་།མ་མཐོང་བ།མ་མྱངས་པ།མ་ཤེས་པ་སོགས་ཀྱི་གནས་ཚུལ་ཆུ་ཡི་གཉེར་མ་བཞིན་ལྷག་བཞིན་ཡོད་ན་ཡང་།བོད་མི་རིགས་ཀྱི་མགྲིན་ཚབ་ཚོས་མགྲིན་ཚབ་བྱ་རྒྱུར་བདེན་དཔང་རག་མི་ཐུབ་པའི་དཀའ་ངལ་དང་།བོད་ནང་གི་མི་མང་ཚོར་ཁོག་ཏུ་མེ་འབར་ཡང་ཁ་ནས་དུ་བ་ཐོན་མི་ཐུབ་པའི་གནས་སྟངས་སུ་གྱར་བཞིན་ཡོད།
    འདི་ལྟའི་དཀའ་ངལ་རྣམས་ང་ཚོས་ལག་པ་གཅིག་གིས་ཟློག་པ་མི་ཡོང་བ་བཞིན་དུ་གྱུར་འདུག
    གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་རིགས་དཀའ་སྡུག་གི་འཚོ་བའི་སྣང་བརྙན་གསོན་པོ་ཞིག་རྩོམ་རིགས་དང་།གློག་བརྙན་སོགས་ལ་ཇི་བཞིན་ཕབ་ཐུབ་ཚེ་འཛམ་གླིང་གི་དྲང་བདེན་ལ་དགའ་བའི་མི་མང་རྣམས་ཧང་སངས་ཧ་ལས་ཏེ་སྙིང་ག་ཡང་གས་པའི་གནས་སུ་འགྱུར་ངེས།