ལོ་ངོ་སུམ་ཅུའི་འཐུས་ཤོར་གསབ་ཐབས་བྱ་རྒྱུ་ཡིན །

ཤེས་རིག་ལས་ཁུངས་ཀྱི་མགོར་འདུག་མཁན་ང་ཡིན་པའི་ཁུལ་རེད། འཆར་གཞི་མང་པོ་ཞིག་ངས་མགོ་འཛུགས་ཀྱིན་ཡོད། འཆར་གཞི་བཏིང་ཚར་རྗེས་འགྲིག་ཡོད་བསམ་བསྡད་ཡོད། ཐེངས་འདིར་ཁྱེད་རྣམ་པས་དགོངས་འཆར་གསུངས་པ་བརྒྱུད་དེ། མང་པོ་ཞིག་འགྲིག་ཡོད་ཤག་གིས་བསྡད་ན་འགྲིག་གིན་མེད་པར་དངོས་སུ་མཐའ་འཁྱོངས་བྱ་དགོས་ཀྱི་འདུག་བསམ་པ་དྲན་སོང༌། ཞེས་ཤེས་རིག་བཀའ་བློན་མཆོག་ནས་གསུངས་ཡོད།

བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ དང་ ཉིན་གཉིས་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་ངྷ་རམ་ས་ལ་ཉེ་ཁུལ་གྱི་ཤེས་ལྡན་མི་སྣ་དང་རིགས་གཅིག་རྐང་འཛིན་པ། སློབ་གྲྭ་ཁག་གི་ཤེས་ཡོན་ལས་འཛིན་པ། དེ་བཞིན་དུས་རྒྱུན་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་དང་ཐུགས་སྣང་ཡོད་རིགས་བཅས་མི་ ༤༢ ཙམ་སྐོང་འགུག་གིས་རིགས་གཅིག་རྐང་འཛིན་གསོ་སྐྱོང་བྱེད་ཕྱོགས་དང༌། ༧གོང་ས་མཆོག་གིས་སྔ་ཕྱིར་ཐེངས་གཉིས་ལ་ང་ཚོས་ཤེས་ཡོན་འཐུས་ཤོར་དུ་བཏང་འདུག་གསུངས་པ་བཅས་ཀྱི་ཐད། བགྲོ་གླེང་གོ་བསྡུར་དང་བསམ་ཚུལ་བསྡུ་ལེན་བྱས་ཡོད། ཚོགས་འདུའི་དབུ་འབྱེད་དང་སྦྲགས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ད་ལོའི་བོད་ཁྱིམ་མཛད་སྒོའི་ཐོག་གི་༧གོང་ས་མཆོག་གི་བཀའ་སློབ་དང༌། དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བར་བཀའ་སློབ་ཕེབས་པའི་ནང་དོན་དེ་ཚང་མའི་དགོངས་པར་མངའ་གསལ་རེད། བཀའ་སློབ་ཧ་ཅང་ལྕི་མོ་ཕེབས་ཡོད། ལོ་ངོ་སུམ་ཅུ་ལྷག་གི་རིང་༧གོང་ས་མཆོག་གིས་ལམ་སྟོན་གནང་ཡང༌། དེ་དག་ད་དུང་མ་འགྲུབ་པར་འཐུས་ཤོར་ཕྱིན་པའི་བཀའ་སློབ་དང༌། ཐུགས་ཕམ་པོ་བྱུང་བའི་གནས་ཚུལ་ཞིག་ང་ཚོ་ཚང་མའི་མདུན་ལ་འདི་ལྟར་བྱུང་སྐབས། བཀའ་སློབ་དེ་སྣང་མེད་ལྟ་བུར་བཞག་ན་འགྲིག་གི་མེད། དེར་བརྟེན་ང་ཚོས་ཛ་དྲག་ཐོག དུས་ཚོད་ཐུང་ཐུང་ནང་ངྷ་རམ་ས་ལར་བསྡད་ཡོད་པའི་ཤེས་ཡོན་ཐོག་ལ་མཁས་མྱོང་ཅན་ཚོ་གདན་འདྲེན་ཞུས་ཏེ་ལམ་སྟོན་ཞུ་བཞིན་ཡོད། བཀའ་སློབ་ལམ་སྟོན་ཞུས་ཏེ་ང་ཚོས་འཕྲལ་དུ་ག་རེ་བསྒྲུབ་དགོས་པ་དང༌། མུ་མཐུད་དུ་མཇུག་ག་རེ་བྱ་དགོས་པ་སོགས་ལ་བང་རིམ་སྒྲིག་ཡོད།

བཀའ་ཤག་སྐབས་བཅུ་གཉིས་པ་ཕེབས་ཏེ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཕེབས་ཡོད་པ་དེ་དག་གི་ཐོག་དང༌། ང་ཚོའི་སྤྱི་ཚོགས་ནང་ཁུལ་དང༌། ང་ཚོར་ཤ་ཚ་ཡོད་མཁན་ཕྱི་མི་ཚོས་བར་ལམ་ནས་ང་ཚོའི་ན་གཞོན་ཚོའི་ཐོག་ཏུ་བོད་ཀྱི་ཐུན་མོང་མ་ཡིན་པའི་གོམས་གཤིས་དང་བཟང་སྤྱོད། ལྷག་པར་དུ་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཞིག་ཡང་ནས་ཡང་དུ་གསུང་བསྡད་ཡོད་སྟབས། དེར་ཉམས་ཞིབ་བྱས་ཏེ་གང་ནས་ཆད་ལྷག་བྱུང་འདུག གནད་འགག་དེ་ལ་བརྟེན་ནས་ཤེས་ཡོན་སྲིད་བྱུས་གསར་བ་ཞིག་གཏན་འབེབས་བྱས་ཡོད། ཤེས་ཡོན་སྲིད་བྱུས་ནང་གཙོ་བོ་གང་ཞིག་འབུར་དུ་བཏོན་ཟེར་ན། བསམ་བློའི་སློབ་གསོ་དེ་ཤུགས་ཆེན་པོས་སྤྲོད་དགོས་པ་དང༌། བོད་མི་ཚད་ལྡན་བཟོ་རྒྱུའི་ཆེད་དུ་དམིགས་ཡོད། ཤེས་ཡོན་སྲིད་བྱུས་འདི་ལག་ལེན་དུ་བསྟར་བཞིན་ཡོད་པ་དང༌། མ་འོངས་ཕུགས་རྒྱང་རིང་བའི་སྲིད་ཇུས་ཤིག་ཡིན་སྟབས། ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ནང་གྲུབ་འབྲས་ཐོན་པ་ཞིག་མིན། ལོ་སུམ་ཅུར་ང་ཚོས་འཐུས་ཤོར་ཕྱིན་བསྡད་པ་དེ་གསབ་ཐུབ་པ་ཞིག་མེད་ཀྱང༌། ད་ལྟ་ནས་རིག་པ་སྒྲིམ་སྟེ་མ་འོངས་པར་སྔོན་བཞིན་འཐུས་ཤོར་དུ་མི་འགྲོ་བ་ཞིག་དང༌། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་འགྲུབ་ཐུབ་པ། ད་ལྟ་སློབ་སྦྱོང་བྱས་དང་བྱེད་བཞིན་པའི་འཛིན་གྲྭ་ཅུང་མཐོན་པོར་སླེབས་ཡོད་པ་དེ་ཚོར་གང་བྱེད་ཐུབ་ཀྱིན་འདུག་སོགས་ལ་དགོངས་པ་བཞེས་དགོས་པ་དང༌། ཡོང་རྒྱུར་བསྡད་ཡོད་པའི་གཞོན་པ་དེ་ཚོའི་ཐོག་ལ་ང་ཚོའི་རེ་བར་ཤེས་ཡོན་སྲིད་ཇུས་འདིའི་ཐོག་ནས་འདས་པའི་འཐུས་ཤོར་ལྟ་བུ་ཞིག་འགྲོ་གི་མ་རེད། དེའི་གུན་གསབ་གང་ལ་གང་འཚམ་ཞིག་མ་འོངས་པའི་མི་རབས་ཀྱི་ཐོག་ནས་བྱ་ཐུབ་ཀྱིན་ཡོད་བསམ་པ་ཞིག་ལ་ང་ཚོས་ཡིད་ཆེས་བྱས་བསྡད་ཡོད། ཅེས་གསུངས་བྱུང༌།

དེ་ལྟར་ཤེས་ཡོན་ཐད་ཉིན་གཉིས་རིང་བགྲོ་གླེང་གོ་བསྡུར་ལྷུག་པོར་བྱས་མཐར་ཕྱི་ཚེས་ ཉིན་གྱི་ཕྱི་དྲོ། བསྐྱར་དུ་ཤེས་རིག་བཀའ་བློན་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ནས་ཚོགས་འདུ་འདིར་མགྲོན་ཤོག ༤༢ ཕུལ་ཡོད། མགྲོན་ཤོག་ཕུལ་སྐབས་སྡེ་ཚན་ལ་དབྱེ་བ་གང་ཡང་མེད། ཤེས་ཡོན་ཐོག་ལ་ཕྱག་ལས་གནང་མྱོང་བ། སློབ་གྲྭ་ཁག་ཏུ་ཤེས་ཡོན་གྱི་ཕྱག་ལས་གནང་མཁན། དེ་བཞིན་ཁྱད་ལས་ཀྱི་སློབ་སྦྱོང་ཐོན་ཏེ་ཕྱག་ལས་གནང་ཡོད་པ། རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་མུས་བཅས་ཡིན་ལ། ཚོགས་མི་ ༢༨ ཙམ་གྱིས་དགོངས་འཆར་གསུངས་སོང༌། སྤྱིར་ཤེས་རིག་ལས་ཁུངས་ནས་༧གོང་ས་མཆོག་གི་དགོངས་པར་མ་སྙོབ་པ་དང་སོ་སོའི་ནུས་པས་མ་འདང་ས་མང་པོ་ཡོད་སྟབས། ཐེངས་འདིར་རྣམ་པ་ཚོའི་ས་ནས་ལམ་སྟོན་ཞུ་རྒྱུ་རང་ཡིན། ཤེས་རིག་ལས་ཁུངས་ནས་མ་ཐུབ་མ་འཇོན་པ་གང་བྱུང་བ་དང༌། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་གང་ཡོད་སོགས་ལ་གྲོས་ཆོད་བཞག་སྟེ་ལག་བསྟར་བྱེད་རྒྱུ་དེ་འདྲ་གང་ཡང་མེད་ཅེས་ཉིན་དང་པོ་ནས་ཞུས་ཡོད། རེ་ཟུང་གིས་དེས་ན་ཚོགས་འདུ་བསྐོང་སྟེ་ཕན་ཐོགས་མི་འདུག་དགོངས་སྲིད་པ་རེད། འོན་ཀྱང༌། ང་ཚོས་ཛ་དྲག་ཐོག་འདི་ལྟར་ཚོགས་འདུ་བསྐོང་བ་རེད། མ་འོངས་པར་མུ་མཐུད་དུ་ཚོགས་འདུ་རིམ་པ་བཞིན་འཚོགས་དགོས་དྲན་ཡོད། ང་ལ་མཚོན་ན་ཐེངས་འདིར་ཕན་ཐོགས་ཞེ་དྲག་བྱུང་སོང༌། ཤེས་རིག་ལས་ཁུངས་ཀྱི་མགོར་འདུག་མཁན་ང་ཡིན་པའི་ཁུལ་རེད། འཆར་གཞི་མང་པོ་ཞིག་ངས་མགོ་འཛུགས་ཀྱིན་ཡོད། འཆར་གཞི་བཏིང་ཚར་རྗེས་འགྲིག་ཡོད་བསམ་བསྡད་ཡོད། གནས་སྟངས་གང་དུ་སླེབས་པ་དང་གྲུབ་འབྲས་གང་འདྲ་ཐོན་པ་སོགས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཙམ་བྱུང་མེད། ཁྱེད་རྣམ་པས་དགོངས་འཆར་གསུངས་པ་བརྒྱུད་དེ། མང་པོ་ཞིག་འགྲིག་ཡོད་ཤག་གིས་བསྡད་ན་འགྲིག་གིན་མེད་པར། དངོས་སུ་མཐའ་འཁྱོངས་བྱ་དགོས་ཀྱིན་འདུག་བསམ་པ་བྱུང་སོང༌། མ་འོངས་པར་ཤེས་ཡོན་ཐད་ཚོགས་འདུ་རིམ་པ་བཞིན་འཚོགས་རྒྱུའི་འཆར་གཞི་ཡོད་སྟབས། ཐེངས་འདིའི་ཚོགས་ཐོག་ལ་གསུངས་པའི་དགོངས་ཚུལ་ཁག་ལས་ས་གནས་སུ་བསྒྲུབ་ཐུབ་པའི་རིགས་བཀོད་མངགས་བྱ་རྒྱུ་དང༌། གཞན་དག་མ་འོངས་པའི་གྲོས་གཞི་ལྟ་བུ་བྱ་འཆར་ཡོད། ཅེས་གསུངས་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ལོ་ངོ་སུམ་ཅུའི་འཐུས་ཤོར་གསབ་ཐབས་བྱ་རྒྱུ་ཡིན །

  1. ཁྱུང་ལྡིང༌།

    ཚོགས་ཐོག་འདིར་ཤེས་རིག་དྲུང་ཆེ་ཕེབས་མི་འདུག་ཟེར་བ་བདེན་པ་ཡིན་ནམ། ཚོགས་འདུ་འདི་༸གོང་ས་མཆོག་ལ་ཚོགས་འདུ་ཞིག་ཚོགས་པ་ཡིན་ཞེས་སྙན་གསན་ཞུ་ཆེད་མིན་འགྲོ།