ཟླ་སྔོན་མའི་ཕྱི་ཚེས་ ༣༠ ཉིན། འདི་གའི་ས་གནས་གསར་འགོད་པ་བྷེང་ལོར་བོད་ཁྱིམ་མཐོ་སློབ་དུ་བསྐྱོད་དེ། མཐོ་སློབ་འདིའི་ཕྱིའི་འཛུགས་སྐྲུན་དང་ནང་གི་སློབ་གཉེར་བཅས་ལ་གནས་ཚུལ་རྒྱུས་ལོན་བྱས་པ་ཡོད། ད་ལྟའི་ཆར་ཕྱིའི་འཛུགས་སྐྲུན་གྱི་ཐད་ནས་དགེ་ལས་ཀྱི་ལས་ཤག་བཞི་ཐོག་ཅན་གཅིག་དང༌། སློབ་ཕྲུག་གི་སྡོད་ཁང་བཞི་ཐོག་ཅན་གཅིག འཛིན་ཁང་བཞི་ཐོག་གཅིག་བཅས་ལེགས་པར་འགྲུབ་ལ་ཉེ་ཞིང༌།
ད་དུང་སྤྱི་ཐབ་དང་ཕྱི་ཕྱོགས་ཀྱི་གདན་ཞུས་ཆེད་ལས་མཁས་དབང་རྣམས་ཀྱི་བཞུགས་ཤག་གཅིག ལག་སྤོལ་རྩེད་ཐང་དང་རྐང་སྤོལ་རྩེད་ཐང་བཅས་སློབ་གྲྭའི་ཕྱིའི་འཛུགས་སྐྲུན་གྱི་བརྒྱ་ཆ་སུམ་ཅུ་འགྲུབ་ལ་ཉེ། མཐོ་སློབ་ཀྱི་རྒྱ་ཁྱོན་ཧྲིལ་བོར་ཨེ་ཀར་ ༤༠ མ་ཟིན་ཙམ་ཡོད་ཅིང༌། ལས་འཆར་ལྟར་ན་ད་དུང་དགེ་ལས་སྡོད་ཤག་གཉིས་དང་འཛིན་གྲྭ། བུའི་ཉལ་ཁང་གཅིག་བཅས་རྒྱག་འཆར་ཡོད་ཀྱང༌། ལས་གླ་བའི་དཀའ་ངལ་གྱི་རྐྱེན་པས་ད་དུང་ལོ་གཉིས་ནས་གསུམ་འགོར་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
ཡིན་ནའང༌། འཛུགས་སྐྲུན་བྱེད་ཞོར་དང་འཆར་ཅན་གྱི་ལས་ཀ་མགོ་འཛུགས་བྱེད་བཞིན་ཡོད་འདུག་ལ། ངྷ་སར་ཡོད་པའི་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་མར་སྤར་ཏེ་འཛིན་གྲྭ་དངོས་སུ་མགོ་འཛུགས་ཐུབ་པ་དེས། ཕྱིའི་འཛུགས་སྐྲུན་གྱི་ལས་གཞི་མ་འགྲུབ་པར་ནང་གི་ཤེས་ཡོན་དང་འབྲེལ་བའི་ལས་གཞིའང་འཕར་འགྱང་བྱ་རྒྱུ་མིན་པར། མཐོ་སློབ་འདིའི་ཤེས་ཡོན་སྲིད་བྱུས་དུས་ལྟར་མགོ་འཛུགས་བྱས་པའི་རྣམ་པ་ཐོན་ཡོད།
སློབ་སྤྱི་ངག་དབང་རྡོ་རྗེ་ཡིས་འགྲེལ་བརྗོད་གནང་བ་ལྟར་ན། ད་ལྟའི་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་འདིར། མཚམས་སྦྱོར་འཛིན་གྲ་དང་ལོ་རིམ་དང་པོ། ལོ་རིམ་གཉིས་པ་བཅས་འཛིན་གྲྭ་གསུམ་ཡོད་ཅིང་ཁྱོན་སྡོམ་སློབ་ཕྲུག་བདུན་ཅུ་ཡོད་མོད། ལོ་རིམ་གཉིས་པ་སྤྱི་ཟླ་བཅུ་གཉིས་པའི་ནང་འཐོན་འགྲོ་གི་རེད་ཅེས་གསུངས།
ཁོང་གིས་མུ་མཐུད་རྗེས་ཕྱོགས་མཐོ་སློབ་འདིའི་དགེ་རྒན་དང་སློབ་མ་བསྡུ་ལེན་བྱ་སྟངས་སྐོར་ལ་གསུངས་དོན། དགེ་རྒན་བསྡུ་ལེན་བྱེད་སྟངས་ནི་ཤེས་ཡོན་སྡེ་ཚན་ནམ་ཞིབ་འཇུག་སྡེ་ཚན་ཞིག་གིས་འགན་འཁུར་རྒྱུ་རེད་ལ། སྡེ་ཚན་དེས་ཞིབ་འཇུག་ལེགས་པོ་བྱས་པ་བརྒྱུད་དགེ་རྒན་སྤུས་དག་དེ་འདྲ་ཡོང་རྒྱུར་རེ་བ་རྒྱག་གི་ཡོད་ཅེས་དང༌། མ་འོངས་པར་མཐོ་སློབ་འདིར་སྤྱིའི་ཆ་ནས་སྡེ་ཚན་ཆེན་པོ་བཞི་ཡོང་གི་རེད་སྙམ་ཡོད་པས། སྡེ་ཚན་དང་པོ་དེ་ཤེས་ཡོན་སྡེ་ཚན་ཡིན་ལ། སྡེ་ཚན་དེ་ཕལ་ཆེ་བ་དགེ་རྒན་འོས་སྦྱོང་སྡེ་ཚན་རེད། སྡེ་ཚན་དེའི་ནང་སྔོན་འགྲོ་དང་དམའ་རིམ། གཞི་རིམ་དགེ་རྒན་འོས་སྦྱོང་བཅས་སྡེ་ཚན་ཁག་གསུམ་འཛུགས་གི་རེད། གཉིས་པ་དེ་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་བཅས་ཀྱི་སྡེ་ཚན་ཞིག་ཆགས་ཀྱི་རེད། སྡེ་ཚན་དེ་རིམ་གྱིས་སྡེ་ཚན་ཆེ་ཤོས་དེ་ཆགས་ཀྱི་རེད། སྡེ་ཚན་གསུམ་པ་གློག་ཀླད་སྡེ་ཚན་རེད། སྡེ་ཚན་འདིས་རྗེས་ཕྱོགས་གློག་ཀླད་ཐོག་ཚད་མཐོན་པོའི་སྟེང་ནས་བེད་སྤྱོད་གཏོང་རྒྱུ་དང༌། སྒྲིག་བཟོ་དང་རིག་གཅིག་རྐང་འཛིན་འཐོན་རྒྱུར་འབད་གི་རེད།
གལ་ཆེ་ཤོས་དེ་མཐོ་སློབ་འདིར་ངོས་འཛིན་དགོས་པ་རེད། མཐོ་སློབ་ཡོད་པ་ཙམ་གྱིས་མི་འགྲིག་པར་མཐོ་སློབ་འདི་ནས་ཐོན་པ་རྣམས་ལ་སྤྱི་ཚོགས་ཁྲོད་ངོས་འཛིན་མ་འདྲ་བ་ཞིག་དགོས་པ་རེད། ངོས་འཛིན་དེ་འཐོབ་པ་ཡིན་ན་རིམ་གྱིས་ལས་གཞི་འདྲ་མིན་མགོ་འཛུགས་ཆོག་གི་རེད། ཨེ་ཁོམ་དང་བྷེའི་ཁོམ་ཟེར་བ་ལྟ་བུའི་དེང་དུས་སློབ་སྦྱོང་ཐོག་སློབ་སྦྱོང་འདྲ་མིན་སྣ་ཚོགས་བྱེད་ཀྱིན་ཡོད་པ་དེ་སྡེ་ཚན་འདིའི་ནང་དུ་ཡོང་གི་རེད། དཔེར་ན། དེང་སྐབས་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་དེ་གཞན་དབང་སྟབས་བསྟུན་བྱེད་མི་དགོས་པའི་ཐོག་ནས་ང་ཚོས་འཛུགས་ཐུབ་གི་ཡོད་པ་རེད། སོ་སོའི་ཆོས་དང་རིག་གཞུང༌། སྐད་ཡིག་ལྟ་བུ་ཡིན་ནའང་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ཡོད་ཡོད་པ་ལྟ་བུ་རེད། དེ་བཞིན་གློག་ཀླད་ལྟ་བུ་ཡིན་ན། གལ་སྲིད་རྗེས་མ་ངོས་འཛིན་བྱུང་བ་ཡིན་ན་གནས་ཚད་མཐོ་རུ་གཏོང་རྒྱུ་ཡོད་པ་རེད། མདོ་དོན་རྗེས་ཕྱོགས་འདི་ནས་ཐོན་པའི་སློབ་ཕྲུག་ཚོར་རྒྱ་གར་ནང་དང་ཕྱི་རྒྱལ་གང་དུ་སོང་ཡང༌། ལག་ཁྱེར་ཞིག་དགོས་པ་རེད་ལ། ལག་ཁྱེར་དེ་ཡང་ངོས་འཛིན་ཡོད་པ་ཞིག་ཡིན་དགོས། རྗེས་ཕྱོགས་ངོས་འཛིན་ཐོབ་པ་ཡིན་ན་སྨན་དང་འཕྲོད་བསྟེན། དེ་མིན་ལས་རིགས་འདྲ་མིན་ཐོག་རིགས་གཅིག་རྐང་འཛིན་གྱི་ལས་གཞི་སྤེལ་ཆོག་གི་རེད་ཅེས་སྐབས་ཐོག་གི་ལས་འཆར་དང༌། མཐོ་སློབ་འདིའི་ཕུགས་བསམ་སྐོར་ཡང་གསུངས་སོང༌།
སློབ་གྲྭ་འདི་བཙུགས་དགོས་དོན་ནི་ད་ཆ་ང་ཚོའི་བཙན་བྱོལ་སློབ་གྲྭ་ཁག་ནས་ཐོན་པའི་སློབ་ཐོན་པ་རྣམས་དོན་ངོ་མ་བོད་མིའི་རིན་ཐང་ལྡན་པའི་ཤེས་ཡོན་པ་ཚད་ལྡན་ཞིག་ཆགས་མ་ཐུབ་པའི་རྒྱུ་མཚན་གྱིས་ལམ་ཁ་གསར་པ་ཞིག་ལ་དགོངས་ནས་འཆར་གཞི་བསྒྲིགས་པ་ཡིན་པས་ཐོག་མ་ནས་དམིགས་ཡུལ་མ་བོར་བའི་ཐོག་ནས་བོད་རང་གི་མཐོ་སློབ་ཚད་ལྡན་ཞིག་ཆགས་ཐུབ་པའི་སྨོན་ལམ་སྙིང་ནས་འདེབས་བཞིན་ཡོད།
སློབ་གྲྭ་འདི་ནི་རྒྱ་གར་གྲོང་ཁྱེར་དེའི་ནང་གི་བོད་མིའི་ངོ་ཚབ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། དེའི་ཕྱིར་འདི་ནང་སློབ་ཕྲུག་འཇུག་སྐབས་ཀུན་སྤྱོད་ཡག་པོ་དགོས་རྒྱུ་དེ་ཆ་རྐྱེན་ཨང་དང་པོའི་གྲས་ལ་འཇོག་རྒྱུ་གལ་ཆེར་མཐོང་། རྒྱག་རེས་ཚ་བོ་དང་རྐུན་མ། ཡང་ན་ཐ་མ་ནག་པོ་མཐེན་ལངས་ཡོད་མཁན་དེ་འདྲ་ཚུད་པ་ཡིན་ན། གྲོང་ཁྱེར་དེའི་ནང་བོད་མི་ལ་བག་ཆགས་ཆེས་ངན་ཞིག་འཇོག་ངེས་པས་དང་པོ་གཟབ་དགོས།