བོད་ཀྱི་
འདས་པའི་མི་ལོ་ ༣༠ རིང་བཙན་བྱོལ་བོད་མི་རྣམས་ཀྱིས་བོད་པའི་སློབ་གྲྭ་འདི་དག་ཤེས་ཡོན་གྱི་བསྟི་གནས་ལས་ཀྱང་རིག་གཞུང་གི་བསྟི་གནས་ཤིག་ལ་བསྒྱུར་བར་འབད་བརྩོན་དང་། བོད་པའི་བྱིས་པ་ཚོ་དེང་རབས་ཀྱི་ཤེས་བྱ་སྣ་འཛོམས་ཡོད་མཁན་ཞིག་ལས། བོད་མི་ཁ་གཙང་ཞིག་ལ་བསྒྱུར་བར་འབད་བརྩོན་བྱས་ཡོད། སྲིད་བྱུས་འདི་འགྲེལ་སྐབས། ༼བོད་པ་བཟོ་གི་ཡོད་༽ཅེས་བཤད་པར་དགའ་ལ། ང་ཚོ་མུ་མཐུད་ནས་ལམ་ཁ་འདིར་ཞུགས་གིན་ཡོད་མོད། མི་རིང་བར་ང་ཚོ་འཇིགས་རུང་གི་གཡང་གཟར་ཞིག་ལ་འཕྲད་གི་ཡོད།
བཙན་བྱོལ་བོད་གཞུང་གིས། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ལ་དམིགས་ཏེ། རྒྱ་གར་ནང་དུ་བོད་པའི་སློབ་གྲྭ་འདི་དག་བཙུགས་ཤིང་། བོད་མི་རིགས་ཀྱི་རིག་གཞུང་གི་ཉིང་བཅུད་ལྷག་མ་དེ་དག་གིས་མི་ཡུལ་དུ་འཚར་བའི་གཞོན་སྐྱེས་ཚོ་གསོ་ཐབས་བྱས་ཡོད་ལ། ང་ཚོའི་སློབ་གྲྭ་ཁག་ནི་བདག་ལས་གཞན་གཅེས་དང་། བདེན་པ་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག ཡ་རབས་བཟང་སྤྱོད་སྦྱོང་ས་ཞིག་ཏུ་བཟོས་ཡོད། བསམ་བློ་འདི་ནི་ཕྱོགས་གཅིག་ནས་ང་ཚོའི་ཞེན་ཁོག་ལས་བྱུང་བའི་སློབ་གསོ་ལྟ་བུར་གྱུར་ཡོད།
ངའི་རྩོད་པ་ནི། ང་ཚོས་ཐོག་མར་སློབ་གྲྭ་འདི་དག་ཤེས་ཡོན་གྱི་བསྟི་གནས་ཤིག་ལ་སྒྱུར་གི་ཡིན་ནམ། རིག་གཞུང་གི་བསྟི་གནས་ཤིག་ལ་སྒྱུར་གི་ཡིན། ངའི་བསམ་ཚུལ་ཡིན་ན་བོད་པ་ཞིག་ཡིན་པའི་ཆ་ནས་ཕྱི་མ་དེ་གལ་ཆེ་ཡང་། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྔ་མ་དེ་ནི་བྱིས་པ་ཚོར་ངེས་པར་དུ་སྐྲུན་དགོས་པའི་ཁོར་ཡུག་ཐོག་མ་དེ་ཡིན་དགོས་པར་འདོད། སློབ་གྲྭ་ནི་བྱིས་པ་ཚོའི་རྣམ་དཔྱོད་ལ་སྦྱོང་བརྡར་གསར་པ་དང་། བློ་རིག་གསར་པ། མིའི་རིགས་ཀྱི་ཕུན་ཚོགས་ཀྱི་ཤེས་ཡོན་གསར་པ་དག་སློབ་ས་ཡིན་པ་ལས། བྱིས་པ་ཚོ་ར་སྐོར་ཞིག་གི་ནང་བཅུག་སྟེ། སྤྱི་ཚོགས་དང་རིག་གཞུང་ཞིག་གི་ཤུགས་རྐྱེན་སྤྲོད་ས་མིན། ལྷག་པར་དུ་བྱིས་པའི་བློ་རིག་གི་ཁོར་ཡུག་འདི་ནི་འཚོ་བའི་ལག་ལེན་ལ་རྒྱང་ཐག་རིང་བའི་ལྟ་བ་ཟབ་མོའི་རིགས་འགྲེལ་ས་མིན་པར་འདོད།
གོང་གི་ཤེས་ཡོན་ནི་ Education དང་། རིག་གཞུང་ནི་ Culture ཞེས་པར་གོ་གི་ཡོད། དེར་བརྟེན་ང་ཚོའི་སློབ་གྲྭ་འདི་དག་ནི་མཚམས་རེར་བོད་མིའི་རིག་གཞུང་འགྲེམ་སྟོན་ཁང་ལྟ་བུ་ཡིན་ལ། ང་ཚོས་ད་བར་དུ་ཕྱིའི་མི་རིགས་ལའང་འདི་དག་ངོམས་གིན་ཡོད་པ་མ་ཟད། སློབ་གྲྭའི་སྦྱིན་བདག་ཀྱང་རིག་གཞུང་གི་འགྲེམ་སྟོན་ཁང་འདི་དག་བསྟན་ནས་འཚོལ་གི་ཡོད། བོད་མི་ཚོའི་སེམས་ངོར་བྱིས་པ་ཚོ་བོད་པ་རྣལ་མ་ཞིག་བཟོ་རྒྱུ་འདི་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་ཤེས་ཡོན་སློབ་གསོའི་མཐའ་མའི་དགོངས་གཞི་ཡིན་པར་འདོད་ཡོད།
གོང་གི་ཤེས་ཡོན་སྲིད་བྱུས་འདིའི་འོག་ཏུ། ང་ཚོས་སློབ་ཕྲུག་ཚོ་བོད་པ་བཟོ་གི་ཡིན་ཅེས་བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་དང་། རིག་གཞུང་གི་ཆོ་ག་ཕྱག་ལེན་སོགས་སློབ་གྲྭའི་ནང་ངོ་སྤྲོད་བྱེད་ཐབས་ལ་འབད་གི་ཡོད་ཅིང་། སློབ་སྦྱོང་གི་གྲུབ་འབྲས་ཀྱང་སློབ་ཕྲུག་དེར་བོད་པ་ཞིག་གི་ལྟ་བ་དང་སྤྱོད་པ་ཡོད་མེད་ལས་ཐག་གཅོད་གི་ཡོད། འོན་ཀྱང་། བྱིས་པ་ཚོ་བོད་པ་བཟོ་བཞིན་པ་དང་མཉམ་དུ་བྱིས་པ་ཚོའི་ངག་ན་བོད་སྐད་གཙང་མ་ཞིག་ཡོད་མེད་ལ་ཐུག་སྐབས་སླར་ཡང་སེམས་ཁྲལ་དང་བཅས་སྐད་རྒྱག་གི་ཡོད།
ཉེ་ལམ་༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་འཐུས་ཤོར་ཐད་བཀའ་སློབ་རིམ་པར་ཕེབས་པར་བརྟེན། ད་སྐབས་བཙན་བྱོལ་བོད་མི་ཚོས་འདས་པའི་ལོ་ ༣༠ རིང་གི་འཐུས་ཤོར་ལ་བསྐྱར་དུ་མནོ་བསམ་གཏོང་བཞིན་པའི་སྐབས་ཡིན་ལ། བསྐྱར་ཞིབ་ཀྱི་སྐབས་སུ་རིགས་གཅིག་རྐང་འཛིན་དང་བོད་ཀྱི་སྐད་ཡིག་གཉིས་གླེང་གི་ཡོད་ལ། འོན་ཀྱང་། ང་ཚོའི་བསྐྱར་ཞིབ་འདི་དག་གི་མཐའ་སྡོམ་ནི་སླར་ཡང་སྤྱི་ཚོགས་ཀྱི་ཁོར་ཡུག་སྟེ། རིགས་གཅིག་རྐང་འཛིན་པ་རྣམས་བརྟེན་ས་དང་བོད་ཡིག་སྤྱོད་སའི་ཁོར་ཡུག་ཡོད་མེད་ཙམ་གྱི་ཕན་དུ་འགྲོ་གི་མེད། ཡིན་ནའང་བོད་མི་ཚོས་བསྐྱར་ཞིབ་བྱེད་དགོས་པའི་ཕྱོགས་གཅིག་ནི་ང་ཚོའི་སློབ་གྲྭ་འདི་དག་གི་ངོ་བོ་དང་། དམིགས་ཡུལ་གྱི་ཕྱོགས་ཡིན་པར་འདོད་ལ། ང་ཚོས་ད་ཡོད་ཀྱི་སློབ་གྲྭ་འདི་དག་ལ་ཤེས་ཡོན་སྲིད་བྱུས་གསར་པ་ཞིག་བཏིང་སྟེ། འདི་དག་རིག་གཞུང་གི་བསྟི་གནས་ལས་ཀྱང་། ཤེས་ཡོན་གྱི་བསྟི་གནས་ཤིག་ལ་སྒྱུར་རྒྱུ་ནི་གལ་ཆེ་བར་འདོད།།