འགྱུར་བའི་རྩ་བ་ཚུགས་སོང་།

 

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

མི་རྣམས་ཀྱིས་གལ་སྲིད་དུས་རབས་འདི་ཨེ་ཤ་་ཡའི་དུས་རབས་ཡིན་ཚེ། ༢༠༠༨ ལོ་ནི་རྒྱ་ནག་གི་ལོ་ཡིན་ཟེར། ཡིན་ཡང༌། རྒྱ་ནག་གི་ལོ་འདིའི་ཆ་ཤས་གལ་ཆེན་ཞིག་ང་ཚོའི་ཡིན་ལ། ༢༠༠༨ ཀྱི་རྗེས་ནས་རྒྱ་ནག་གིས་ཨེ་ཤ་ཡའི་དུས་རབས་ནང་མུ་མཐུད་དུ་ལོ་ཅི་ཙམ་ཞིག་འཛིན་མིན་ཐད་ང་ཚོར་ཡང་འགན་ཡོད།

ལོ་འདིའི་བོད་མིའི་ཞི་རྒོལ་ཆེན་མོ་དང༌། སི་ཁྲོན་ས་ཡོམ་ཆེན་མོ། ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་གསུམ་ནི་ ༢༠༠༨ ལོའི་རྒྱ་ནག་གི་ལོ་རྒྱུས་ཀྱི་བྱུང་བ་ཆེན་མོ་གསུམ་ཡིན་ལ། བྱུང་བ་འདི་གསུམ་གྱི་ཐོག་ནས་འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་དང་ཞན་ཆ། དེ་མིན་གྱི་གསང་བ་མཐའ་དག་གི་མཐིལ་བརྟོལ་བ་རེད། མང་པོ་ཞིག་གིས་འདི་དག་གི་རྗེས་ནས་རྒྱ་ནག་གི་སྤྱི་ཚོགས་དེ་སླར་ཡང་རྒྱུན་ལྡན་ལ་བབས་ཤིང་ལོ་རྒྱུས་ཀྱི་གོམ་འགྲོས་ཀྱང་ཇེ་བདེར་ཕྱིན་ཡོད་པའི་ལྟ་ཚུལ་བཟུང་ཡོད། ཡིན་ཡང་ད་ཆར་རྒྱ་ནག་སྐམ་ས་ཆེན་མོར་ཡོད་པའི་ཤེས་ཡོན་པ་དག་གིས་ལོ་འདི་རྒྱ་ནག་ལ་དབང་བའི་གོ་དོན་ངོ་མ་དེ་འགྲེལ་མགོ་བཙུགས་ཤིང༌། ༢༠༠༨ ལོའི་རྒྱ་ནག་གི་རྩ་དོན་ངོ་མ་དེ་ རྩ་ཁྲིམས་ ༠༨ ཀྱི་སྟེང་འབབ་དགོས་པར་བསྒྲགས་ཤིང༌།  ཁོང་ཚོས་གཞི་རྩའི་བཅོས་བསྒྱུར་གྱི་དོན་ཚན་ ༡༩ ཡོད་པའི་རྩ་འཛིན་ཡིག་ཆ་ཞིག་ལ་ཤེས་ཡོན་པ་དང་ལས་རིགས་འདྲ་མིན་གྱི་མི་གྲངས་ ༣༠༣ གྱི་མཚན་རྟགས་བཀོད་དེ་སྤེལ་ཡོད་ལ། རྩ་འཛིན་འདི་དག་གིས་རང་དབང་དང་དམངས་གཙོ། ཁྲིམས་ཀྱི་དབང་སྒྱུར་ཡོད་པའི་རྒྱ་ནག་ཅིག་སྐྲུན་རྒྱུ་དང༌། དུས་རབས་ ༢༡ པའི་རྒྱ་ནག་འདི་ཡོངས་ཁྱབ་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་བྱེད་མཁན་དང༌། འཛམ་གླིང་གི་དཔལ་ཡོན་དང་ཡར་ཐོན་རྒྱལ་ཁབ་དག་གི་ནང་འགྲོ་དགོས་པའི་འབོད་སྐུལ་ཞུས་ཡོད། ཁོང་ཚོས་རྩ་འཛིན་ཡིག་ཆ་དེ་སྤེལ་མ་ཐག་མི་གྲངས་སྟོང་ཕྲག་འགའ་ཤས་ཀྱིས་རྒྱབ་སྐྱོར་གྱི་ས་ཡིག་བརྒྱབས་ཡོད་ལ། ཡིག་ཆ་འདི་ད་ཆར་རྒྱ་ནག་སྐམ་ས་ཆེན་མོ་གཙོ་བྱས་པའི་ས་ཁུལ་གང་སར་ཁྱབ་བཞིན་ཡོད་ལ། ཕྱི་ཚེས་ ༡༩ བར་དུ་རྒྱབ་སྐྱོར་གྱི་འཕེལ་རིམ་སྐོར་དྲ་རྒྱའི་ནང་དུ་ཐེངས་དྲུག་ལ་གསལ་བསྒྲགས་བྱས་ཡོད་པ་དང༌། ཐེངས་རེ་རེར་རྒྱབ་སྐྱོར་གྱི་ས་ཡིག་ཆིག་སྟོང་རེ་འཕེལ་གྱི་ཡོད་སྟབས། ཁྱོན་སྡོམ་བདུན་ཕྲག་གཅིག་ལྷག་གི་རིང་རྒྱབ་སྐྱོར་མཚན་རྟགས་འགོད་མཚན་མི་གྲངས་ ༦༠༠༠ ལྷག་བྱུང་ཡོད་པ་དང༌། རྒྱབ་སྐྱོར་མཚན་རྟགས་འགོད་མཁན་གྱི་གྲངས་ཀ་མུ་མཐུད་ནས་འཕེལ་ཡོང་གི་ཡོད།

དེ་ལྟར་ཡང༌། ཤེས་ཡོན་པ་འདི་དག་གིས་ཡིག་ཆ་དེ་ཐོག་མར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་སྔ་ནུབ་སྟེ་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་དྲ་རྒྱའི་ནང་སྤེལ་བ་དང༌། དེ་མ་ཐག་རྒྱ་ནག་དམར་ཤོག་ཚོགས་པའི་ཉེན་རྟོག་པ་དག་གིས་ཐད་གཏོགས་གྲོང་ཁྱེར་པེ་ཅིན་དང་ཧྲང་ཧེ་གཉིས། ལའོ་ཉིན། ཀྲེ་ཅང༌། ཧྥུ་ཅུན། བཀང་ཏོན། ཧའེ་ནན། ཧྲན་ཤི་ ཧུའུ་པེ། ཧུའུ་ནན་བཅས་ཞིང་ཆེན་ ༨ ཀྱི་གོང་གསལ་ཡིག་ཆར་མཚན་རྟགས་འགོད་མཁན་དག་ལ་འཇིགས་སྐུལ་དང་འདྲི་བརྩད་བྱས་པའི་གྱོད་དོན་ཐེངས་ ༤༠ ལྷག་བྱུང་འདུག་ལ། སྐུ་ཞབས་ལོའུ་ཞའོ་པོ་སོགས་ཁག་ཅིག་ད་ཆར་བཀག་ཉར་འོག་ཚུད་ཡོད། འདི་ལྟར་རྒྱ་ནག་འདི་ད་སྐབས་སླར་ཡང་རྒྱལ་སྤྱིའི་ཁ་རྡུང་གི་འོག་དང༌། ལྷག་པར་དུ་ཐེངས་འདིར་རྒྱ་ནག་དམར་ཤོག་ཚོགས་པ་འདི་རྒྱལ་ཁབ་རང་གི་ཤེས་ཡོན་པ་དང་མི་སེར་གྱི་ལག་བར་ལ་ལྷུང་གི་ཡོད་ལ། བོད་མི་ཚོས་ ༢༠༠༩ ལོ་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ལྟར། རྒྱ་ནག་མི་དམངས་ཀྱིས་ཀྱང་སླར་ཡང་རྒྱ་ནག་གི་ལོ་གལ་ཆེན་ཞིག་ལ་གྲ་སྒྲིག་བྱས་ཟིན་ཡོད་སྟབས། ང་ཚོསརྒྱ་ནག་མི་དམངས་ལ་སེམས་ཐག་ཇེ་ཉེར་བཏང་ཞིང་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་འདིའི་ཁྲོད་ཆ་ཤས་ཆེན་པོ་ཞིག་ལེན་རྒྱུ་ནི་གལ་ཇེ་ཆེར་གྱུར་ཡོད་དོ།།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “འགྱུར་བའི་རྩ་བ་ཚུགས་སོང་།