པེ་ཅིན་གྱི་དགའ་ལྡན་ལྔ་མཆོད།

         
འདི་ག་གསར་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༢༡ སྟེ། དགའ་ལྡན་ལྔ་མཆོད་ཀྱི་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང༌། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་སློབ་མ་ཡོངས་ཀྱིས་དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་སྲུང་གཙིའི་ཆེད་སློབ་གྲྭའི་རྭ་སྐོར་ནས་མར་མེ་སྒྲོན་ཏེ་གསོལ་འདེབས་སྨོན་ལམ་ཞུས་སྐབས། དེ་གའི་གནད་ཡོད་ལས་བྱེད་མི་སྣ་དང༌། དགེ་རྒན་ཚོས་སློབ་མ་ཚོར་རྭ་སྐོར་ནས་དུས་དྲན་སྲུང་གཙི་བྱེད་མི་ཆོག་པའི་བརྡ་ལན་སྤྲད་ཏེ་སློབ་མ་ཚང་མ་བཀག་འགོག་བྱས་ཡོད་འདུག ཡིན་ནའང༌། སློབ་མ་ཚོས་སོ་སོའི་ཉལ་ཁང་དུ་དུས་དྲན་སྲུང་གཙི་བྱས་ཡོད་པའི་གནས་ཚུལ་བརྗོད་སོང༌། 

དེ་མིན་ད་སྐབས་པེ་ཅིན་གྱི་བོད་རིགས་ཚོའི་གནས་སྟངས་སྐོར་ནས་བརྗོད་དོན། འདི་ལོ་གསུམ་བཅུའི་དུས་དྲན་སྐབས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་གི་སློབ་མ་དག་གིས། དམངས་གཙོ་དང་རང་དབང་གི་དར་ཆ་འཕྱར་ཏེ་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང༌། རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་དང༌། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་དག་གིས་ཀྱང་བོད་མིའི་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མར་མེ་ཁྲོམ་སྐོར་སོགས་ལས་འགུལ་འདྲ་མིན་སྤེལ་ཡོད་ནའང༌། དེ་གའི་འབྲེལ་ཡོད་མི་སྣ་དང་རྒྱ་ནག་གི་ཉེན་རྟོག་དམག་མིས་ལྟ་རྟཽག་ནན་མོ་བྱས་ཡོད་པ་དང༌། ད་ལྟ་རྒྱ་ནག་གིས། སློབ་གྲྭ་ཆེན་མོ་ཁག་ལ་སྔར་ལས་ལྟ་རྟོག་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད།  ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་རྒྱལ་ས་པེ་ཅིན་ཏུ་རྒྱ་མི་ཚོས་བོད་པ་ཟེར་བ་འདི་མི་རིགས་ཐ་ཤལ་དང༌། མི་རིགས་གདུག་རྩུབ་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཚུལ་བརྗོད་སོང་ལ། ལོ་འདིའི་དོན་རྐྱེན་ལ་བརྟེན་རྒྱ་མི་ཚོས་བོད་པ་ལ་ལྟ་སྟངས་མི་འདྲ་བ་ཞིག་ཡོད་པ་དང༌། རྒྱ་དང་བོད་ཅེས་དབྱེ་བ་དེའང་སྔོན་ལས་ཆེ་རུ་ཕྱིན་ཡོད་པ་རེད་ཅེས་བརྗོད་སོང༌།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “པེ་ཅིན་གྱི་དགའ་ལྡན་ལྔ་མཆོད།

  1. རྩེ། ཆུ་མིག

    སྤྱིར་བོད་རྒྱ་གཉིས་སོ་སོར་མ་དབྱེ་ན་འང་སྐད་དང་གོམས་གཤིས་ཆ་ལུགས་ལོ་རྒྱུས་སོགས་གང་གི་ཐད་ནས་ཀྱང་གཅིག་དུ་བསྒྲུབ་མི་ཐུབ་པ་བདེན་ན་འང་། འདིར་བོད་དེ་རྒྱ་མི་དང་ཐ་དད་རེད་ཟེར་བ་ལ་གོ་བ་ཧ་ཅང་ངན་པ་ཡོད་པ་རེད། དཔེར་ན་ང་ཚོ་ཕྱིའི་རྒྱལ་ཁབ་ཁག་ནང་ཡོད་མཁན་དག་ལ་མཚོན་ན་བོད་རྒྱའི་མི་རིགས་དབྱེ་བ་ངན་པ་ཞིག་གི་སྒོ་ནས་ཇེ་གསལ་དུ་འགྲོ་བཞིན་པ་འདི་ནི་སྐྲག་དགོས་དོན་ཅི་ཡང་མེད་ན་འང་བོད་ནང་གི་བོད་མི་ཚོར་མཚོན་ན་འདི་ནི་ཧ་ཅང་དཀའ་ཞིང་ཚེགས་པའི་སེམས་ཁུར་ཆེ་ཤོས་ཞིག་རེད།

  2. བོད་ཀྱི་བུ་

    རྒྱ་དང་བོད་སོ་སོར་དབྱེར་བ་ནི་གཏམ་བཟང་ཞིག་ལོས་ཡིན་ད་དུང་མུ་ཐུད་ནས་དབྱེ་བར་ང་ཚོས་རེ་བ་ཉག་གཅིག་ཡིན། ནམ་ཞིག་ལ རྒྱ་རྒྱ་ཡུལ་སྐྱིད་ བོད་བོད་ཡུལ་སྐྱིད་ཅེས་པའི་ཉི་མ་ཞིག་འཆར་བར་ཤོགས།།

  3. རྒྱ་དང་བོད་གཉིས་བར་གྱི་དབྱེ་བ་ཇེ་གསལ་ལ་འགྲོ་བཞིན་པ་དེར་སྐྲག་དགོས་དོན་མི་འདུག གོ་སྐབས་འདི་ལ་བསྟུན་ནས་ང་ཚོས་རང་ཉིད་ཐ་དད་ཅིག་ཡིན་པ་ངོས་ལེན་བྱེད་ཐུབ་དགོས་པ་རེད། རང་ཉིད་ཀྱི་ཁྱད་ཆོས་ཡོད་པའང་སྟོན་དགོས་པ་རེད།
    ཕྱོགས་གཞན་ནས་བཤད་ན། རྒྱ་གཞུང་གིས་བོད་མི་ཞི་བའི་རྔམ་སྟོན་པ་ཚོ་དམར་གསོད་བྱེད་ཀྱིན་དུ། རྒྱ་ནག་གི་མང་ཚོགས་ཀྱིས་ད་དུང་ཡང་བོད་མི་རིགས་འདི་མི་རིགས་ཐ་ཤལ་ཞིག་ཡིན་པའི་ལྟ་ཚུལ་འཛིན་གི་ཡོད་དུས། མ་གཞི་ནས་ང་ཚོ་མི་རིགས་ཡ་རབས་དང་ཡ་མཚན་ཞིག་ཡིན་སྐོར་ཕར་གསལ་བཤད་བྱས་ཀྱང་ཕན་ཐོགས་ཡོད་ཀྱི་མ་རེད། དེ་བས་རང་རང་གི་ལངས་ཕྱོགས་ཇེ་བརྟན་དང་ངོ་བོ་ཇེ་གསལ་ལ་བཏང་ནས་སྲུང་དགོས་པ་རེད། གོང་མཚུངས་དགའ་ལྡན་ལྔ་མཆོད་ལྟ་བུ་ཆོས་ལུགས་དང་རིག་གཞུང་གི་བྱེད་སྒོའི་རིགས་ཁྲིམས་མཐུན་གྱི་སྒོ་ནས་མུ་མཐུད་སྲུང་བརྩི་བྱེད་རོགས།