ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་དམག་འཁྲུག་གི་སྐད་ཆ།

མུམ་བྷེ་ལ་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་བྱུང་ནས་ཟླ་གཅིག་འགོར་གི་ཡོད་ལ། དོན་རྐྱེན་འདིར་རྒྱ་གར་གྱི་གསར་ལམ་ཁག་ནས་རྒྱ་གར་གྱི་དགུ་བའི་བཅུ་གཅིག་གི་དོན་རྐྱེན་ ༩།༡༡ ཞེས་འབོད་བཞིན། ཨ་རིར་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་བྱུང་བ་ནས་ད་བར་གྱི་ཚབས་ཆེ་ཤོས་ཀྱི་དོན་རྐྱེན་དེ་ཡིན་པར་བཤད། དེ་ལྟར་རྒྱ་གར་དང་པཱ་ཀི་སི་ཐན་གྱི་གསར་ལམ་ཁག་གིས་སོ་སོའི་རྒྱལ་ཁབ་ཀྱི་ཕྱོགས་བཟུང་ནས་སྐྱོན་བརྗོད་བྱེད་རེས་བྱས་ཡོད་ལ། འདི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ཡང་ད་ཆར་རྣོ་ངར་གྱི་ཚད་མཐོ་ཤོས་དེར་སླེབས་ཡོད།

ཉིན་ཤས་སྔོན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་ལྡི་ལི་གསར་པ་ནས་གཞུང་འབྲེལ་མི་སྣ་དག་སྐོང་འགུག་གིས་པཱ་ཀི་སི་ཐན་གྱིས་རྒྱལ་ཁབ་དེའི་ནང་གི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་རྩ་མེད་བཟོ་བར་མུ་མཐུད་མཐུན་འགྱུར་མ་གནང་ཚེ་རྒྱ་གར་གྱིས་གདམ་ཀ་མཐའ་དག་སྒོ་ཕྱེ་ཡོད་ཅེས་ཕར་རྒོལ་གྱི་ཉེན་བརྡ་བཏང་ཡོད། རྒྱ་གར་གྱི་སྐད་ཆ་འདི་ཐོས་མ་ཐག་པཱ་ཀི་སི་ཐན་གྱིས་དམག་འཁྲུག་གནམ་གྲུ་དག་བང་སྒྲིག་སྟེ་པཱ་ཀི་སི་ཐན་གྱི་གྲོང་ཁྱེར་ཆེ་ཤོས་ཨ་སུ་ལ་མ་བྷ་ཌུ་དང་། ལཱ་ཧོར། ར་ཝལ་པིན་ཌེ་བཅས་ཀྱི་མཁའ་ལམ་ནས་དམག་སྦྱོང་བྱས་ཏེ། པཱ་ཀི་སི་ཐན་ལའང་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་གྲ་སྒྲིག་ཡོད་པའི་ལན་འདེབས་མཚོན་པར་བྱས་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༢༣ ཉིན་པཱ་ཀི་སི་ཐན་གྱི་དམག་སྤྱི་ཆེན་མོས་དམག་འཐབ་ཀྱི་ཐད་ལ་བརྗོད་དོན། གལ་སྲིད་སུ་ཞིག་གིས་པཱ་ཀི་སི་ན་ལ་ཚུར་རྒོལ་བྱས་ཚེ་པཱ་ཀི་སི་ཐན་གྱིས་དུས་མཚུངས་སྐར་མ་གཅིག་གི་ནང་ཚུད་ཕྱིར་རྒོལ་ལན་སྤྲོད་པར་གྲ་སྒྲིག་ཡོད་ལ། པཱ་ཀི་སི་ཐན་གྱི་དམག་མི་རྣམས་ཀྱིས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བློས་གཏོང་བྱེད་པར་གྲ་སྒྲིག་ཨང་གསར་ཡོད་ཅེས་བརྗོད་ཡོད་པ་རེད།

པཱ་ཀི་སི་ཐན་གྱི་སྲིད་འཛིན་ཛ་ཌ་རི་ཡིས་པཱ་ཀི་སི་ཐན་གྱིས་ཕྱིའི་ཚུལ་རྒོལ་ལ་མགོ་སྒུར་གི་མིན་ཚུལ་དང་། དུས་སྐབས་ཛ་དྲག་གི་སྐབས་པཱ་ཀི་སི་ཐན་གྱི་མི་དམངས་རྡོག་རྩ་གཅིག་སྒྲིལ་གྱིས་ལངས་དགོས་སྐོར་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་གར་གྱིས་མུམ་བྷེའི་དོན་རྐྱེན་ཐད་པཱ་ཀི་སི་ཐན་དུ་ཡོད་པའི་འཇིགས་སྐུལ་ཚོགས་པ་ Lashkar-e-Taiba ཡོད་པ་ཙམ་མ་ཟད། པཱ་ཀི་སི་ཐན་གྱི་གསང་བའི་ལས་ཁུངས་ ISI ལའང་འབྲེལ་བ་ཡོད་པའི་ཁུངས་སྣེ་སྙེད་ཡོད་ཚུལ་བརྗོད་ཡོད་པ་རེད། པཱ་ཀི་སི་ཐན་གྱིས་མུམ་བྷེའི་དོན་རྐྱེན་ཐད་འབྲེལ་བ་ཡོད་སྐོར་ངོས་ལེན་བྱེད་ཀྱི་མེད་ལ། ཅི་སྟེ་འབྲེལ་བ་ཡོད་པ་ཞིག་ཡིན་ཚེ་རྒྱ་གར་གྱིས་ཡིག་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་གསལ་བོ་མཁོ་སྤྲོད་བྱེད་དགོས་ཚུལ་བརྗོད་ཀྱི་ཡོད་པ་རེད།

ད་ཆར་རྒྱལ་ཁབ་གཉིས་ཀྱི་བར་དམག་འཁྲུག་གི་རྣམ་འགྱུར་དང་ཚིག་མཚོན་གྱི་དམག་འཁྲུག་ཅིག་མགོ་བརྩམས་ཡོད་ནའང་། ཕྱི་ཚེས་ ༢༣ ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་ལགས་ཀྱིས་དམག་འཁྲུག་ནི་ལམ་ཁ་ཡག་ཤོས་མིན་ལ། མི་སུ་ལ་ཡང་དམག་འཁྲུག་རྒྱག་རྒྱུའི་འདོད་པ་ཡོད་མ་རེད། ཅེས་དམག་འཁྲུག་གི་བསམ་བློ་འདི་ཐོག་མར་རྒྱ་གར་གྱི་ཕྱོགས་ནས་བསླངས་མེད་པའི་གསལ་བཤད་བྱས་ཡོད་ལ། ཁོང་གིས་པཱ་ཀི་སི་ཐན་གྱིས་ད་བར་དུ་ཡུལ་དེར་འཇབ་སྐུང་བྱས་ཡོད་འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁག་དག་ལ་འགན་འཁུར་བྱེད་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་དང་རྟིང་སྐུལ་བྱེད་པའི་རེ་བ་ཡོད་ཅེས་སོགས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “ལྷོ་ཨེ་ཤ་ཡའི་མངའ་ཁུལ་གྱི་དམག་འཁྲུག་གི་སྐད་ཆ།

  1. མི་ནག་ཚང་ལུང་རིགས་རྒྱལ།

    སྲིད་དོན་ཉམས་ཞིན་པ་དག་ལྟར་ན། རྒྱ་གར་དང་པཱ་ཀི་སི་ཐན་གཉིས་ཀྱི་བར་ ༡༩༤༧ ལོའི་རྗེས་ནས་དམག་འཁྲུག་ཐེངས་གསུམ་བརྒྱབས་ཡོད་ལ། ད་སྐབས་སླར་ཡང་དམག་འཁྲུག་ཅིག་གི་སྐོར་བཤད་ཀྱིན་ཡོད་ནའང་། རྒྱལ་ཁབ་གཉིས་ཀྱི་གང་ཡིན་ནའང་དོན་དམ་ཐོག་དམག་འཁྲུག་ལ་འགྲོ་མི་དགོས་པའི་ཐབས་ལམ་ཞིག་འཚོལ་གི་རེད་ཟེར། དེ་ལྟར་ཡང་། དེ་རིང་རྒྱ་གར་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་གར་གྱི་མི་སེར་རྣམས་པཱ་ཀི་སི་ཐན་དུ་འགྲུལ་སྐྱོད་བྱེད་པ་དང་། པཱ་ཀི་སི་ཐན་དུ་བསྡད་ན་བདེ་འཇགས་མིན་སྐོར་འབོད་སྐུལ་ཞུས་འདུག འདི་ནི་འདས་པའི་ལོ་ ༣༠ རིང་བྱུང་མ་མྱོང་བའི་འབོད་སྐུལ་ཞིག་ཡིན་པར་བརྗོད་ཀྱི་འདུག དེ་བཞིན་རྒྱ་གར་གྱི་སྲིད་བློན་མཆོག་གིས་ཀྱང་དམག་དོན་གྱི་དབུ་ཁྲིད་དག་ལ་མཇལ་འཕྲད་བྱས་ཡོད་འདུག་ལ། འདི་ཡང་པཱ་ཀི་སི་ཐན་ལ་བརྡ་ལན་ལྟ་བུར་གྱུར་ཡོད་འདུག གནས་ཚུལ་ལྟར་ན། པཱ་ཀི་སི་ཐན་གྱི་དམག་མི་སྟོང་ཕྲག་འགའ་ཤས་རྒྱ་གར་གྱི་ས་མཚམས་ཕྱོགས་སུ་སྤོས་ཡོད་ཚུལ་འདུག་པས། ཕྱོགས་གཉིས་ཀར་དམག་རྒྱག་འདོད་མེད་ཡང་། ཕན་ཚུན་ལ་གཉོམ་སྤྲོད་འདོད་ཀྱང་མེད་པའི་གནས་སྐབས་ཤིག་ཏུ་ཡོད་འདུག