བོད་ཀྱི་སྐད་ཡིག་གི་ཕ་ཡུལ་གཉིས་པ།

སེ་ར་ཐེག་ཆེན་ཆོས་གླིང་ནི་དུས་ཡུན་ཆུ་ཚོད་གཉིས་ནང་བོད་ཡིག་གི་ཚགས་ཤོག་སུམ་བརྒྱ་ལྷག་འགྲིམ་པའི་ཁྲོམ་ར་ཆེ་ཤོས་ཡིན་ནའང༌། གྲྭ་པའི་གྲངས་འབོར་དང་ཉིན་རེ་བཞིན་ཚགས་པར་ཆིག་སྟོང་ལྷག་འགྲིམ་བཞིན་པའི་རྒྱ་གར་དུས་བབ་ཀྱི་འགྲིམ་རྒྱུག་དང་བསྡུར་ན། བོད་ཀྱི་སྐད་ཡིག་གི་ཁྲོམ་ར་ནི་ད་དུང་ཉམ་ཐག་གི་རྣམ་པར་ལྷག་ཡོད།

སེ་ར་ཐེག་ཆེན་ཆོས་གླིང་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་འབྲེལ་ཤེས་བྱ་ཚགས་ཤོག་དང་ཕ་ཡུལ། བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ལྷོ་ཕྱོགས་ཕོ་ཉ། སྤྱི་ཚོགས་མེ་ལོང༌། ནོར་ལྡེ། སམ་བྷོ་ཊ་སོགས་ཚགས་ཤོག་དང་དུས་དེབ་སྣ་ཚོགས་འགྲིམ་རྒྱུག་ཆེ་བའི་ཁྲོམ་ར་ཞིག་ཡིན། ནམ་རྒྱུན་རེས་གཟའ་མིག་དམར་ཉིན་ནི་སེ་ར་དགོན་པའི་བདུན་ཕྲག་གཅིག་རིང་གི་གུང་སེང་ཡིན་ལ། དགུན་ཁར་གཟའ་མིག་དམར་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་བ་ཙམ་ནས་དགོང་མོའི་ཆུ་ཚོད་དྲུག་པ་བར་ཆུ་ཚོད་གཉིས་ཀྱི་ནང་དུ་ཚགས་ཤོག་ཕལ་ཆེ་བ་སུམ་བརྒྱ་ལྷག་རེ་འགྲིམས་ཀྱིན་ཡོད། མཚམས་རེར་གནམ་གཤིས་བཟང་ཞིང༌། གྲྭ་རྐྱང་ཚོ་སྤྲོ་འཆམ་དུ་འགྲོ་བའི་བསིལ་རླུང་ལྡང་ཚེ་ཚགས་ཤོག་བཞི་བརྒྱ་ལྷག་འགྲིམ་འགྲོ་དུས་ཀྱང་མང༌། དེང་སྐབས་བཙན་བྱོལ་བོད་མི་ཚོ་ཆགས་སའི་ས་གནས་གང་དུའང་དུས་ཡུན་ཐུང་ཐུང་ཞིག་གི་ནང་འདི་ལྟ་བུའི་ཚགས་ཤོག་འགྲིམ་རྒྱུག་ཆེ་བའི་ཁྲོམ་ར་ཞིག་མེད་ལ། དེ་ནི་ཚགས་ཤོག་དང་དུས་དེབ་རིགས་ཀྱིས་བརྗེད་མི་རུང་བའི་ལོ་རྒྱུས་ཤིག་ཀྱང་རང་བཞིན་གྱིས་གྲུབ་ཡོད།

གནད་དོན་འདིས་གདན་ས་སེ་འབྲས་དགའ་གསུམ་དང་བཙན་བྱོལ་བོད་མི་འདུས་སྡོད་ཀྱི་ས་གནས་ཡོད་དོ་ཅོག་ལས། སེ་ར་ཐེག་ཆེན་ཆོས་གླིང་གི་དགེ་འདུན་པ་རྣམས་ནི་བོད་ཀྱི་སྐད་ཡིག་རིག་གཞུང་དང༌། ཚགས་ཤོག་དང་དུས་དེབ་ལྟ་ཀློག་ལ་གོམས་ཡོད་པ་གསལ་སྟོན་བྱས་ཡོད་ལ། དེ་བས་ཀྱང་གཏན་འཁེལ་གྱི་དུས་ཚོད་ཅིག་ནང་ཚགས་ཤོག་གྲངས་ངེས་ཅན་རེ་ཚོང་སྒྱུར་བྱེད་ཐུབ་པའི་ཁྲོམ་ར་འདི་གླེང་སྐབས། དེ་འབྲེལ་གྱི་གནད་ཡོད་མི་སྣ་ཞིག་ཀྱང་རང་བཞིན་གྱིས་གླེང་དགོས།

མི་དེ་ནི་ཚགས་ཤོག་དང་དུས་དེབ་སྣ་ཚོགས་བཙོང་སྟེ། འཚོ་བ་སྐྱེལ་བཞིན་པའི་སྦེལ་ཀོབ་གཞིས་གྲོང་གཉིས་པའི་རྒན་བསྟན་འཛིན་ཉི་མ་ལགས་ཡིན། ཁོང་ནི་ཕྱི་ལོ་ ༡༩༦༤ ལོར་སྦེལ་ཀོབ་གཞིས་གྲོང་གཉིས་པར་སྐྱེས་ཤིང༌། ༡༩༦༨ ལོར་ས་གནས་ཉེ་འགྲམ་གྱི་བུ་བཅོལ་ཁང་དུ་སོང༌། ༡༩༧༡ ལོར་ས་གནས་ཉིན་སློབ་ཏུ་ཞུགས་ཏེ། འཛིན་གྲྭ་བདུན་པ་བར་སློབ་སྦྱོང་གནང་མྱོང་ཡོད་འདུག
༡༩༨༤ ལོར་ཁོང་གིས་ཐོག་དང་པོར་རང་ཁྱིམ་དུ་གཟུགས་མཐོང་བརྙན་འཕྲིན་བཙུགས་ཏེ། ཉིན་རེའི་རྒྱ་གར་དང་དབྱིན་ཇིའི་གློག་བརྙན་སྣ་ཚོགས་གཞིས་གྲོང་ཁག་གི་གཞོན་སྐྱེས་ཕོ་མོ་རྣམས་ལ་བསྟན་པ་ ༼ བརྙན་འཕྲིན་བལྟས་གླར་ཧིན་སྒོར་ལྔ་རེ་ ༽དང༌། དེའི་རྗེས་སྦེལ་ཀོབ་ལུགས་བསམ་གླིང་གཞིས་གྲོང་གཉིས་པའི་ཁྱིམ་ཚང་ཡོངས་ལ་བརྙན་འཕྲིན་འཁོར་ཐག་ Cabel  བཙུགས་ཏེ། མཚན་མོ་བོད་ཀྱི་རིག་གཞུང་དོ་སྣང་ཅན་རྣམས་ལ་བོད་གཞས་སྣ་ཚོགས་ཡང་གཟིགས་འབུལ་ཞུས་པ་དང༌། ས་གནས་གཞིས་ལས་ཁང་བརྒྱུད་དྲིལ་བསྒྲགས་ལས་ཁུངས་ཀྱི་གསར་འགྱུར་སྣ་ཚོགས་དང་ྋགོང་ས་མཆོག་གི་གསུང་ཆོས་སོགས་གཟིགས་འབུལ་ཞུས་ཡོད་ནའང༌། རྐྱེན་དབང་སྣ་ཚོགས་པས་ཁོང་གིས་མུ་མཐུད་བརྙན་འཕྲིན་འཁོར་ཐག་སྟོན་རྒྱུར་མཐའ་འཁྱོལ་མི་འདུག

ཡིན་ནའང༌། ཕམ་ཁའི་ཁྲོད་ནས་རྒྱལ་དགོས་པ་དང་འགྱེལ་ས་ནས་ལངས་དགོས་པ་ལས་བག་འཁུམ་ངང་འདུག་འོས་མེད་པའི་གནས་ལུགས་ལ་བརྟེན། ཁོང་གིས་ཡང་བསྐྱར་རྣམ་གྲོལ་གླིང་དགོན་པ་བརྒྱུད་ལུགས་ཟུང་བསམ་འགྲུབ་གླིང་གཞིས་གྲོང་ལྔ་བ་དང་དྲུག་པ་གཉིས་སུ་བརྙན་འཕྲིན་འཁོར་ཐག་བཙུགས་ཡོད་འདུག་ལ། དེར་དབྱིན་ཇི་དང་ཧིན་ངྷིའི་ལྟད་མོ་སྣ་ཚོགས་འདུས་པ་མ་ཟད། མཚན་མོར་བོད་གཞས་སྣ་ཚོགས་དང་དྲིལ་བསྒྲགས་ལས་ཁུངས་ཀྱི་གསར་འགྱུར་སྣ་ཚོགས་གཟིགས་འབུལ་ཞུས་སྟབས། མི་དམངས་ཀྱང་འདོད་བློ་ཁེངས་འདུག་ལ། ཁོང་གིས་ཀྱང་དེ་ནི་སྤྱི་ཚོགས་ཀྱི་ལས་དོན་གལ་ཆེའི་གྲས་ཡིན་སྐོར་བརྗོད་ཀྱི་འདུག
༡༩༨༥ ལོ་ནས་ཁོང་གིས་ལུགས་ཟུང་བསམ་འགྲུབ་གླིང་མཉམ་འབྲེལ་ལས་ཁང་དང་གཞིས་ལས་ཁང་གཉིས་སུ་ཡིག་སྐྱེལ་བ་གནང་སྐབས། ས་གནས་གཞིས་མགོ་ཟུར་བ་སྐུ་ངོ་བཟང་བོ་ལགས་ཀྱིས་སློབ་སྟོན་འོག་བོད་ཀྱི་གསར་ཤོག་ཚོང་བསྒྱུར་གྱི་ལམ་སྟོན་གནང་བས། ངྷ་ས་མང་གཙོ་གསར་ཤོག་དང་བལ་ཡུལ་གཉན་ཆེན་ཐང་ལྷ། བོད་མིའི་རྩ་དོན། དྲང་བདེན་བདེན་དོན་གླེང་སྟེགས། བོད་ཀྱི་དུས་བབ། ནོར་ལྡེ། སྤྱི་ཚོགས་མེ་ལོང༌། ལྷོ་ཕྱོགས་ཕོ་ཉ། ལྗང་རླུང་སོགས་དང་ངྷ་ས་བོད་ཁྱིམ་སློབ་གྲྭའི་དུས་དེབ་འགའ་དང༌། ཤེས་རིག་དཔར་ཁང་གི་དུས་དེབ་དང་ལོ་ལྟར་སྨན་རྩིས་ཁང་གི་ལོ་ཐོ་རྒྱས་བསྡུས་སྣ་ཚོགས། བོད་གཞུང་ཟློས་གར་ཚོགས་པའི་བོད་གཞས་སྣ་ཚོགས་ཚོང་བསྒྱུར་འགྲེམ་སྤེལ་ཞུ་མུས་ཡིན་འདུག

འདི་ལྟར་ཁོང་གིས་མི་ལོ་ ༡༣ ལྷག་རིང་གི་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་དེ་བོད་ཀྱི་ཚགས་ཤོག་དང་དུས་དེབ་ཚོང་འགྲེམ་གྱི་ཐོག་ནས་སད་ཅིང༌། དེ་དག་ཕར་བཙོང་ཚུར་ལེན་དེས་ཁོང་གི་འཚོ་བ་ལའང་ཁེག་ཐེག་མི་ཉུང་བ་ཞིག་བྱས་ཡོད་འདུག་ལ། ཁོང་གིས་ད་བར་བོད་ཀྱི་སྐད་ཡིག་སྟེང་ཡོད་པའི་གསར་ཤོག་དང་དུས་དེབ་རིགས་བཙོང་རིང༌། དུས་རྒྱུན་བོད་ཡིག་ལ་དོ་སྣང་བྱེད་མཁན་མང་ཆེ་ཤོས་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ལས། ས་གནས་ཉིན་སློབ་དང་བོད་ཁྱིམ་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་རྣམས་ལ་བོད་ཡིག་འབྲི་ཀློག་གི་གོམས་སྲོལ་དེ་ཙམ་མེད་སྟབས། སློབ་གྲྭ་ཁག་གི་སློབ་ཕྲུག་ཕོ་མོ་རྣམས་ལ་བོད་ཀྱི་གསར་ཤོག་ཀློག་རྒྱུར་དོ་སྣང་དང་སྐུལ་འདེད། བོད་ཀྱི་རིག་གཞུང་ཡར་རྒྱས་ཡོང་ཐབས་སོགས་སུ་བོད་དགེ་རྣམས་ཀྱིས་ལམ་སྟོན་སྔར་ལས་ལྷག་པ་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད་ཟེར། 

དེ་ལྟར་རེས་གཟའ་མིག་དམར་ནམ་ཡིན་ལ་ཕྱི་དྲོའི་ཆུ་ཚོད་བཞི་བ་ཡས་མས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་ལ་དོ་སྣང་ཅན་གྱི་གྲྭ་པ་རྣམས་གྲྭ་ཤག་ནས་ཐོན་ཏེ། སེར་སྨད་གློག་ཀླད་ཁང་གི་ཕྱི་ལོགས་སུ་བཤམས་ཡོད་པའི་ཚགས་ཤོག་ཁྲོམ་རའི་ནང་ཚགས་ཤོག་གསར་བ་རེ་ཉོས་རྗེས་སེར་བྱེས་ཡིད་དགའ་ཆོས་གླིང་དང༌། དེ་མིན་གྱི་ཁོར་ཡུག་སྐྱིད་ཅིང་སྤྲོ་གསེང་ལ་འོས་པའི་ས་གནས་རེར་འཆམ་འཆམ་དུ་འགྲོ་ལ། གྲྭ་པ་རྒན་པ་སྐོར་ཞིག་གིས་གྲྭ་ཕྲུག་ཆུང་ཆུང་རེ་ཚགས་ཤོག་ཉོ་རུ་བཏང་ཡོང་དུས། ཁོང་ཚོས་ཚགས་ཤོག་ནོར་ནས་ཉོས་འགྲོ་དུས་ཀྱང་མང༌། ཡིན་ནའང༌། སེ་ར་ཐེག་ཆེན་ཆོས་གླིང་གི་གྲྭ་བའི་གྲངས་འབོར་དང་ཚགས་ཤོག་གི་འགྲིམ་རྒྱུག་གཉིས་ད་དུང་བསྡུར་རན་མི་འདུག་ལ། ཉིན་ལྟར་དབྱིན་ཡིག་ཐོག་ཡོད་པའི་རྒྱ་གར་དུས་བབ་ཆིག་སྟོང་ལྷག་འགྲིམ་བཞིན་པའི་གནས་བབ་དེར་ཡང་བསྡུར་མི་འོས་ཀྱང༌། ས་གནས་གཞན་ལས་དུས་ཡུན་ཐུང་ཞིང་འགྲིམ་རྒྱུག་ཆེ་བའི་ཁྲོམ་ར་གཅིག་ཡོད་པ་ནི་འདི་ཉིད་ཁོ་ནའོ། །
ས་གནས་གསར་འགོད་པ། འགྱུར་མེད་དོན་གྲུབ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་ཀྱི་སྐད་ཡིག་གི་ཕ་ཡུལ་གཉིས་པ།

  1. རྩེ། ཆུ་མིག

    རྩོམ་སྒྲིག་པ་ལགས། བོད་ཀྱི་དུས་བབ་ལ་མཚོན་ན་ཡུལ་གྱར་སྤྱི་ཚོགས་ཁྲོད་ཚགས་པར་སྔ་ཤོས་ཀྱི་གྲས་ཞིག་ཡིན་པས་དུས་བབ་ཚགས་པར་དེ་དཔར་ཐེངས་རེ་ལ་རྡ་ས་རྡི་ལི་སོགས་དང་བོད་ཀྱི་གཞིས་ཆགས་ཁག་གང་དུ་མང་པོ་འགྲོ་གི་འདུག

  2. འདི་ང་ཚོས་ས་གནས་གཞིས་གྲོང་ཁག་གི་སློབ་གསོ་ཉམས་ཆགས་ཀྱི་གནས་སྟངས་དེ་ཕྱིར་མངོན་གྱིན་ཡོད་པ་རེད། ཡིན་རྒྱུ་ནི་གྲ་རྐྱང་དེ་ཚོ་ལས་ས་གནས་སློབ་དགེ་ཚོར་དེའི་རིགས་ལ་དོ་སྣང་ཆེ་བ་ཡོད་དགོས་པ་རེད།
    འོ་ ད་དུང་གངས་སྐྱིད་དུ་ཚགས་ཤོག་དང་དུས་དེབ་ལ་དེ་འདྲའི་ཚོང་ཞིག་ཡོད་དམ།