ཤེས་རིག་བརྗེ་སྤེལ་གྱི་གན་རྒྱ་བཞག་པ།

ཨ་རིའི་ཨོ་ཧ་ཨོ་མངའ་སྡེ་ནང་ཡོད་པའི་མེ་ཡ་མེ་གཙུག་ལག་སློབ་གཉེར་ཁང་དང་ངྷ་ས་རིགས་ལམ་སློབ་གཉེར་ཁང་གཉིས་ཀྱིས་ཤེས་རིག་བརྗེ་རེས་ཀྱི་ཐད་ཆོད་གན་མཚན་རྟགས་བཀོད་དེ། མ་འོངས་པར་སློབ་གླིང་འདི་གཉིས་ཀྱི་སློབ་ཕྲུག་རྣམས་ཕར་གཏོང་ཚུར་བསྡུ་བྱས་ཏེ་ཆེད་ལས་སློབ་སྦྱོང་གི་མདུན་ལམ་གསར་པ་ཞིག་ཕྱེ་ཡོད་པ་རེད།

ཕྱི་ཚེས་ ༡ སྟེ། ཕྱི་ལུགས་ལོ་གསར་གྱི་ཉིན་མོ་དང་སྟབས་བསྟུན་མེ་ཡ་མེ་གཙུག་ལག་སློབ་གཉེར་ཁང་དང་རིགས་ལམ་སློབ་གཉེར་ཁང་གཉིས་ཀྱིས་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་བརྗེ་རེས་ཀྱི་ཆོད་གན་ལ་མཚན་རྟགས་བཀོད་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། ཉིན་དེའི་སྐུ་མགྲོན་གཙོ་བོར་བོད་གཞུང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་ཕེབས་ཡོད་པ་དང་། གཞན་ཡང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་དང་ཕྱི་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ། མེ་ཡ་མེ་གཙུག་ལག་སློབ་གཉེར་ཁང་གི་སྐུ་ཚབ་མི་སྣ་ཁག ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྐུ་ཚབ་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར། གསར་འགོད་རྣམས་བཅས་ཕེབས་ཡོད་པ་རེད།

མེ་ཡ་མེ་གཙུག་ལག་སློབ་གྲྭའི་འགན་འཛིན་སྐུ་ཞབས་རྗེ་ཧྥུ་རེ་དང་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་རྣམ་གཉིས་ཀྱིས་གཙུག་ལག་སློབ་གྲྭ་གཉིས་བར་གྱི་ཤེས་རིག་བརྗེ་སྤེལ་གྱི་གན་རྒྱའི་ཡིག་ཆར་མཚན་རྟགས་བཀོད་ཡོད།

རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་བ་ལྟར་ན། གཙུག་ལག་སློབ་གླིང་འདི་གཉིས་ཀྱི་ཤེས་རིག་བརྗེ་རེས་ཀྱི་རྣམ་གྲངས་གཙོ་བོ་ནི་རིགས་ལམ་སློབ་གཉེར་ཁང་གི་སློབ་ཕྲུག་གཉིས་གསུམ་རེ་ལོ་ལྟར་མེ་ཡ་མེ་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་ཁང་དུ་བཏང་སྟེ་དེང་དུས་ཀྱི་ཚན་རིག་སོགས་སློབ་ཚན་རིགས་སྦྱོང་བ་དང་། ལྷག་པར་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་གནང་བ་ལྟར་རིགས་གཅིག་རྐང་འཛིན་པ་སྐྱེད་སྲིང་བྱེད་ཐབས་ལ་ཤུགས་བརྒྱབ་སྡད་ཡོད། མེ་ཡ་མེ་གཙུག་ལག་སློབ་གྲྭ་ནས་སློབ་ཕྲུག་ ༡༥ ཙམ་རེ་ཚུར་སློབ་གཉེར་བྱེད་པར་གཏོང་བ་བཅས་ཀྱི་ཐད་གན་རྒྱ་བཞག་པ་ཡིན། ཁོ་རང་ཚོའི་ངོས་ནས་གང་ཐུབ་ཐུབ་ཀྱི་རོགས་པ་བྱེད་གི་ཡིན་ཞེས་བཤད་གི་འདུག ཅེས་དང་། ཤེས་བྱ་ཡོན་ཏན་ཞེས་པ་ནི་རྣམ་གྲངས་མང་པོ་ཞིག་རེད། གལ་ཆེ་ཤོས་དེ་ཕན་ཚུན་གཉིས་ཀའི་ངོས་ནས་འདི་ལྟའི་ཤེས་བྱ་སྤེལ་རེས་བྱས་པ་ཡིན་ན་མ་འོངས་པར་ང་རང་ཚོ་ཡིན་ནའང་རང་གི་སྤྱི་ཚོགས་དང་རྒྱལ་ཁབ་འཛིན་སྐྱོང་བཅས་ཀྱི་ཐོག་ནུས་པ་འདོན་ཐུབ་གི་རེད་ཅེས་གསུངས་སོང་།

དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་སྐབས། ཆེད་ལས་ཤེས་ཡོན་གྱི་མཉམ་ལས་དང་མཛའ་འབྲེལ་འདི་ལ་བསྟེན་སློབ་གླིང་འདི་གཉིས་ཀྱིས་མ་འོངས་པར་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ཆེད་ཤེས་ཡོན་ཡོད་མཁན་དང་འགན་འཁྱེར་མཁན་གྱི་མི་སྣ་གསོ་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

སྐུ་ཞབས་རྗེ་ཧྥུ་རེས་གསུངས་དོན། ཁོང་རྣམས་བཞུགས་སྒར་དུ་འབྱོར་མཚམས་ལས་གཞི་འདིའི་སྐོར་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་ཞུ་ཕུལ་ཤིང་། ཁོང་གིས་མེ་ཡ་མེ་སློབ་གླིང་གིས་མ་འོངས་པར་བོད་ནང་ཅི་ཞིག་འབྱུང་བཞིན་པའི་སྐོར་དང་། བོད་ཀྱི་སྤྱི་ཡོངས་གནས་སྟངས་ལ་རྒྱུས་ལོན་དང་ཤེས་རྟོགས་ཡོང་བའི་རེ་བ་ཡོད་ཅེས་གསུངས་སོང་ཟེར་ལ། དེ་བཞིན་དུ་ཁོང་གིས་མེ་ཡ་མེ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་ ༨༠༠༠ དང་སློབ་ཕྲུག་ ༢༡༠༠༠ གི་ཚབ་ཞུས་ནས་ལོ་རྒྱུས་རང་བཞིན་གྱི་ལས་དོན་འདི་མགོ་འཛུགས་ཐུབ་པ་དེར་དགའ་སྤོབས་ཀྱིས་རྟེན་འབྲེལ་ཞུས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply