༢༠༠༩ ལོར་རྒྱ་ནག་ལ་ཟིང་འཁྲུག་ཆེན་པོ་འབྱུང་རྒྱུ་རེད།

ལོ་འདིར་རྒྱ་ནག་ནང་དུ་ལས་མེད་ཀྱི་གྲངས་ཀ་འཕར་བར་བརྟེན་ཡུལ་གྱར་ལས་འཚོལ་བ་དང་སློབ་ཐོན་ལས་མེད་ཚོའི་ངོ་རྒོལ་གྱི་ཟིང་འཁྲུག་ཡོང་བགྱི་རེད་ཅེས་རྒྱ་ནག་གི་གཞུང་གཉེར་དུས་དེབ་ཅིག་གིས་ཚོར་ཤུགས་ཀྱིས་ཁེངས་པའི་ལོ་འདིར་ཉེན་བརྡ་རབ་རིབ་ཅིག་བཏང་ཡོད།

གོང་གསལ་གནས་ཚུལ་དེ་བདུན་ཕྲག་འདིའི་ལའོ་ཝང་དུས་དེབ་སྟེང་དུ་ཞིན་ཧྭ་གསར་ཁང་གིས་སྤེལ་ཡོད་ལ། ༼ད་སྐབས་ང་ཚོ་སྤྱི་ཚོགས་དཀའ་རྙོག་གི་དུས་རིམ་མཐོ་ཤོས་ཤིག་ལ་སླེབས་ཡོད་པ་ནི་དོགས་པ་མེད་པ་ཞིག་རེད།༽ ཅེས་ཞིན་ཧྭ་གསར་ཁང་གི་མཐོ་རིམ་གསར་འགོད་པ་ཧྭང་ཧྭ་ཞེས་པས་དུས་དེབ་དེར་བཤད་འདུག ཁོས་མུ་མཐུད་དོན། ༼༢༠༠༩ ལོར། རྒྱ་ནག་གི་སྤྱི་ཚོགས་ནང་སྔར་ལས་ལྷག་པའི་རྩོད་རྙོག་དང་ཟིང་ཆ་མང་པོ་ཞིག་འབྱུང་ངེས་པ་དང་། དེ་དག་གིས་ཏང་དང་སྲིད་གཞུང་གི་རིམ་པ་འདྲ་མིན་གྱི་ཆབ་སྲིད་འཛིན་སྐྱོང་ལ་ཡིག་རྒྱུགས་དེ་ལས་ལྷག་པ་ཞིག་ལེན་གི་རེད།༽ ཟེར།

སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་༼འཆམ་མཐུན་གྱི་སྤྱི་ཚོགས་༽ཤིག་འཛུགས་པར་ཁས་ལེན་དམ་བཅའ་བཞག་ཡོད་མོད། ལས་ཤོར་ཇེ་མང་དུ་གྱུར་བ་དང་། ཡོང་སྒོ་འགག་པ། དེའི་ཁར་ལྐོག་ཟ་རུལ་སུངས་དང་ས་ཞིང་བདག་བཟུང་སོགས་ཀྱི་རྒྱུན་རིང་གི་གནད་དོན་དག་གིས་སྲིད་འཛིན་གྱི་ཁས་ལེན་དེ་ཉམས་དམས་སུ་གཏོང་གི་ཡོད།

ད་སྐབས་རྒྱ་ནག་གིས་ཚོར་ཤུགས་རྣོ་པའི་ལོ་ཞིག་བསུ་གི་ཡོད། ལྷག་པར་དུ་ ༡༩༨༩ ལོའི་པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༠ འཁོར་གི་ཡོད། དུས་དྲན་འདི་དང་བསྟུན་རྒྱ་ནག་ནང་གི་འགྲོ་བ་མིིའི་ཐོབ་ཐང་རྩོད་ལེན་པ་དང་། གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཚོས་རྒྱ་ནག་ལ་གཏིང་ཟབ་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་ཞིག་བྱེད་པའི་དགོས་འདུན་ཤུགས་ཆེར་འདོན་གིན་ཡོད།

ཧྭང་ཧྭ་ཡིས་བརྗོད་དོན། རྒྱ་ནག་གི་མི་སེར་མང་པོ་ཞིག་གིས་སོ་སོའི་འདོད་བློ་མ་ཚིམས་པ་དེ་བཤད་སྐབས་གཞུང་གི་ལས་བྱེད་ཚོར་འཁྲུག་རྩོད་བྱེད་གི་འདུག་ཅེས་བཤད་ཡོད་པ་རེད། ཁོས་བཤད་དོན། སྤྱི་ཚོགས་ཀྱི་རྩོད་རྙོག་ནི་ད་ཆར་ཚད་ངེས་ཅན་གྱི་ཐོག་ནས་སྤྱི་ཚོགས་སམ་མང་ཚོགས་ཀྱི་རྨང་གཞི་ཞིག་གྲུབ་ཚར་ཡོད་པ་རེད། དེའི་རྐྱེན་གྱིས་ག་དུས་མི་མཐུན་སའི་གཞི་ཆུང་ཆུང་ཞིག་བྱུང་བ་ཡིན་ན་ལམ་སེང་འཁྲུག་མགོ་ལངས་པ་དང་ཕན་ཚུན་གདོང་ཐུག་ལག་ཐུག་ཆགས་ཡོང་གི་འདུག ཅེས་བཤད་ཡོད་པ་རེད།

ནམ་རྒྱུན་ཡིན་ན་རྒྱ་ནག་གི་དཔོན་པོ་ཚོས་ཁོང་ཚོའི་སྟངས་འཛིན་ལས་བརྒལ་བའི་གནས་ཚུལ་འབྱུང་སྐབས་ཧ་ཅང་དོགས་ཟོན་གྱིས་གསང་བ་བྱེད་མོད། ད་རེབ་ཀྱི་རྩོམ་ཡིག་དེ་ཞིན་ཧྭ་དྲ་རྒྱའི་སྟེང་དུའང་སྤེལ་ཡོད་ལ། སྤྱི་ཚོགས་ཀྱི་ཉེན་བརྡ་འདི་ལྟར་བཏང་བ་ནི་གཞུང་གི་ལས་བྱེད་ཚོར་དོ་སྣང་སྤྲད་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་བརྟན་ལྷིང་ལ་གནོད་པའི་འཇིགས་སྣང་ཆེ་ཤོས་ནི་སློབ་གྲྭ་ཆེན་མོ་མཐར་ཕྱིན་མཁན་དག་གི་ཁྲོད་ནས་སླེབ་ངེས་ལ། དེ་ནི་སློབ་མཐར་ཕྱིན་མཁན་ཚོར་ལས་ཀ་མི་རག་པ་དང་ཡོང་སྒོ་འཚོལ་ས་མེད་པའི་རྐྱེན་གྱིས་ཡིན་འདུག ཕྱོགས་གཞན་པ་ནི་ཕྱིར་འཚོང་གི་བཟོ་གྲྭ་མང་པོ་སྒོ་བརྒྱབས་པར་བརྟེན་ལས་ཀ་ཤོར་བའི་ཡུལ་གྱར་ལས་འཚོལ་བ་དག་ཡིན་པར་ངོས་འཛིན་བྱེད་གི་ཡོད་པ་རེད།

གོང་གསལ་གནས་ཚུལ་ནང་བཀོད་དོན། རྒྱ་ནག་གི་མཚོ་བརྒྱུད་བཟོ་གྲྭ་ཁག་ཏུ་ལས་གླ་དམའ་བོའི་ཐོག་ནས་ལས་ཀ་བྱེད་མི་གྲངས་ས་ཡ་ ༡༠ ལྷག་ནི་ལས་ཀ་ཤོར་ཏེ་ཕྱིར་རང་རང་གི་ཞིང་པའི་ཁྱིམ་དུ་ལོག་མཁན་སྔ་ཤོས་ཀྱི་གྲས་ཡིན་འདུག གཞུང་གི་ཚོད་རྩིས་ལྟར་ན། ལས་འཚོལ་མི་གྲངས་ས་ཡ་ ༡༠ ལྷག་གིས་ད་སྔ་ནས་ལས་ཀ་ཤོར་ཚར་ཡོད་འདུག

ཞིན་ཧྭ་གསར་ཁང་གི་གསར་འགོད་པ་ཧྭང་ཧྭ་ཡི་ཚོད་རྩིས་ལྟར་ན། ༢༠༠༨ ལོར་སློབ་མཐར་ཕྱིན་པ་དག་ཚུད་ན་ད་ཆར་གཙུག་ལག་སློབ་གཉེར་ཁང་དང་མཐོ་རིམ་སློབ་ཆེན་དག་ནས་མཐར་ཕྱིན་མཁན་སློབ་མ་ས་ཡ་ ༧ ལྷག་གིས་ལོ་འདིར་ལས་ཀ་འཚོལ་གི་ཡོད་འདུག

རྒྱ་ནག་གཞུང་གིས་ལོ་འདིའི་རྒྱལ་ནང་ཐོན་སྐྱེད་མ་དངུལ་བརྒྱ་ཆ་ ༨ ཡིན་པར་བཤད་པ་དེས་རྒྱལ་ཁབ་འདིའི་ནང་དུ་ལས་ཀ་གསར་པ་ས་ཡ་ ༨ མ་གཏོགས་མཁོ་སྤྲོད་བྱེད་ཐུབ་ཀྱི་མི་འདུག་ཅེས་ཧྭང་ཧྭ་ཡིས་བརྗོད་ཡོད་པ་རེད། ༡༩༨༩ ལོར་བློ་འདོད་མ་ཁེངས་པའི་སློབ་ཕྲུག་དག་གིས་སྐབས་དེའི་དམངས་གཙོའི་ལས་འགུལ་སྤེལ་ཡོད་པ་རེད།

གལ་སྲིད་ ༢༠༠༩ ལོར་ཞིང་གྲོང་གི་ལས་འཚོལ་བ་ཕོན་ཆེན་པོ་ཞིག་གིས་ལོ་ཕྱེད་དང་ཡང་ན། དེ་ལས་རིང་བའི་དུས་ཡུན་རིང་ལས་ཀ་མ་བརྙེད་ཚེ་རྒྱ་ནག་གི་སྤྱི་ཚོགས་ཀྱི་དཀའ་རྙོག་དེ་ལས་ལྷག་པའི་ཚབས་ཆེན་དུ་འགྱུར་ངེས་རེད་ཅེས་ཧྭང་ཧྭ་ཡིས་བཤད་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply to jokmo Cancel Reply

6 thoughts on “༢༠༠༩ ལོར་རྒྱ་ནག་ལ་ཟིང་འཁྲུག་ཆེན་པོ་འབྱུང་རྒྱུ་རེད།

  1. ཧུའུ་ཅིན་ཐའོ་ཡིས་འཆམ་མཐུན་གྱི་སྤྱི་ཚོགས་ཟེར་བ་༢༠༠༨ ལོར་བོད་པ་ཚོས་བསྐྲུན་ཚར་རེད། ད་ལོ་ཡང་བསྐྱར་རྒྱ་རིགས་ལས་མེད་ཚོ་དང་དམངས་གཙོ་དོན་གཉེར་ཚོས་་བསྐྲུན་ས་རེད་

  2. མྱི་སྨྱོན།

    བསམ་ཚུལ་མང་པོ་མི་ཤེས་མོད། ༢༠༠༩་ ལོར་བོད་ཀྱི་རྩོམ་པ་པོ་དང་གཞས་པ་མང་པོ་ཞིག་གི་ཚེ་སྲོག་ཉེན་ཁ་ཆེན་པོ་ཡིན་པ་གསལ་བོ་རེད། འདི་རྒྱ་ནག་གི་ལོར་བཤད་ན་ཆོག་གམ ?