ལོ་ ༨ ཀྱི་ཁྲིམས་ཆད།

ཨ་མདོ་རྔ་པའི་ཐེའུ་གྲོང་རུ་ཁག་གཉིས་པའི་ཧོར་ཚང་ནས་ཡིན་པ། རྟོགས་ལྡན་བོན་དགོན་གྱི་ཆབ་སྲིད་བཙོན་ཟུར་གྲྭ་སངས་དགའ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གིས་གནས་ཚུལ་སྤྲད་པ་ལྟར་ན།  ཨ་མདོ་རྔ་པའི་ཐེའུ་གྲོང་རུ་ཁག་གཉིས་པའི་ཧོར་ཚང་ནས་ཡིན་པ། རྟོགས་ལྡན་བོན་དགོན་གྱི་ཆབ་སྲིད་བཙོན་ཟུར་རང་ལོ་ ༣༣ ཡིན་པའི་གྲྭ་སངས་དགའ་ལགས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་འཛུགས་འོག  ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་གསང་བའི་ངང་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ ༢༠༠༨ ཟླ་ ༨ ཚེས་ ༡༣ ཉིན་རྔ་པ་རྫོང་ཐོག་ནས་ཁུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གྲོང་ཁྱེར་ཁྲིན་ཏུའུ་ལ་ཁྲིད་འདུག་པ་དང༌།  ཟླ་གསུམ་ཙམ་གྱི་རིང་ལྟོགས་སྐོམ་དང་མནར་གཅོད་མྱངས་མཐར་ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་འདུག ཁྲིམས་ཐག་བཅད་ཚར་རྗེས་གཞི་ནས་འབྲེལ་ཡོད་ཚོས་གནས་ཚུལ་གོ་བས་ཁོང་གི་ཕ་མ་དང་གཉེན་ཉེ་སོགས་ལྟ་རུ་སོང་བར་ཕ་མ་གཉིས་དང་ནང་གི་སྤུན་མཆེད་ཅིག་དུས་ཐུང་ནང་ཐུག་འཕྲད་བྱེད་བཅུག་པ་མ་གཏོགས། གཞན་གཉེན་མི་སུ་ཞིག་ཡོང་ཡང་ཐུག་བཅུག་མེད་ལ། མི་རིང་བར་སི་ཁྲོན་གྱི་མེན་ཡངས་ཞེས་པའི་ས་གནས་སུ་འཁྲིད་རྒྱུ་ཡིན་འདུག

དེ་སྔོན་ཁོང་གིས་ལྷ་གཅིག་ཕྱག་ན་པདྨོའི་རྣམ་རོལ་གར། །ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། །སྲིད་གསུམ་ཟིལ་གནོན་བསྟན་འཛིན་རྒྱ་མཚོ་ཡིས། །མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུ་བར་སྨོན། ། ཞེས་པ་བཀོད་ནས་ལོ་གསར་ཞིག་གི་སྐབས་མང་ཚོགས་ཁྲོད་བཀྲམས་པ་དང༌། དེ་མིན་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང༌། བོད་སར་རྒྱ་མིས་མི་སེར་སྤེལ་བཞིན་པ་གཉིས་ལ་ངོ་རྒོལ་ཡོད་པ། བོད་ས་བོད་མི་ལ་དབང་དགོས་པ་སོགས་ཀྱི་ནང་དོན་འཁོད་པའི་ཡི་གེ་སྦྱར་བ་དང་བཀྲམས་པ་བཅས་ཀྱིས་སྤྱི་ལོ་༢༠༠༡ ལོའི་ཟླ་ ༡༡ ནང་ཁོང་ཆབ་སྲིད་ཀྱི་ནག་ཉེས་གཡོགས་ནས་ལོ་གསུམ་རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ལོ་ ༨ ཀྱི་ཁྲིམས་ཆད།

  1. དགེ་བཤེས་སྨོན་ལམ་མཐར་ཕྱིན།

    ཁོང་ལ་ཁྲིམས་ཐག་བཅད་དུས་དེ་ 2008།12།9 ལ་ཡིན་པ་འབྲེལ་ཡོད་ནས་ནོར་བཅོས་གནང་སོང་བས་དེ་ལུགས་དགོངས་འཇགས་འཙལ།

  2. བོད། ཤ་ཁྲག་རུས་གསུམ།

    བོད་ཀྱི་དབའ་བོ་འདི་ཡི་མཚོན་པའི་བོད་ནང་གི་ཆབ་སྲིད་བཙོན་མ་དེ་དག་མྱུར་དུ་གློད་གྲོལ་ཐོབ་པར་སྨོན།