དབུས་ཤར་ཨེ་ཤ་ཡའི་དམག་འཁྲུག

ཚེས་ ༦ ཉིན་ཨི་སི་རེལ་དང་པཱ་ལི་ས་ཐན་བར་གྱི་དམག་འཁྲུག་ད་དུང་མཚམས་འཇོག་བྱས་མེད་པ་དང༌། དེ་རིང་ཞོགས་པར་པཱ་ལི་སི་ཐན་གྱི་མི་ ༡༨ བསད་ཡོད་འདུག པཱ་ལི་ས་ཐན་གྱི་གྲོང་ཁྱེར་གྷ་ཛ་རུ་ཨི་སི་རེལ་མཁའ་དམག་གིས་བར་སྣང་ནས་འབར་རྫས་གཡུག་པ་སོགས་ཀྱིས་མི་གྲངས་ ༥༥༠ ལྷག་འདས་གྲོངས་སུ་སོང་ཡོད་པ་དང༌།  མི་ ༢༥༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ཡོད།

གོང་གསལ་མི་ ༥༥༠ ལྷག་གི་ནང་དུ་བྱིས་པ་དང་མི་མང་དཀྱུས་མའི་གྲངས་ཀས་བརྒྱ་ཆ་ ༣༠ ཙམ་ཟིན་ཡོད་པས། རྒྱལ་སྤྱིའི་བྱིས་པའི་སྲུང་སྐྱོབ་ཚོགས་པ་དང་རྒྱ་གྲམ་དམར་པོ་ཚོགས་པ་སོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་མང་པོས་ཨི་སི་རེལ་གྱིས་དྲག་པོའི་ཚུར་རྒོལ་མཚམས་འཇོག་གནང་དགོས་པར་འབོད་སྐུལ་བྱེད་ཀྱིན་ཡོད་འདུག དམག་འཐབ་འདི་མཇུག་བསྡུ་མིན་ཨི་སི་རེལ་གྱིས་ཐག་གཅོད་གནང་ཐུབ་པར་ངོས་འཛིན་གནང་གི་ཡོད་ཀྱང༌། ཨི་སི་རེལ་གྱི་གཞུང་ངོས་ནས་ད་དུང་མཚམས་འཇོག་གནང་འཆར་མེད་པར་ཧཱ་མཱ་སི་རུ་ཁག་གིས་མེ་ཤུགས་འཕུར་མདའ་སོགས་ཨི་སི་རེལ་གྱི་མངའ་ཁོངས་སུ་གཏོང་མཚམས་མ་ཆད་པར་གྷ་ཛ་རུ་ཕར་རྒོལ་བྱ་རྒྱུ་ཡིན་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བསྒྲགས་ཡོད།  དོན་རྐྱེན་འདིའི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་ཧཱ་མཱ་སི་རུ་ཁག་གིས་མེ་ཤུགས་འཕུར་མདའ་སོགས་ཨི་སི་རེལ་གྱི་མངའ་ཁུལ་ལ་གཏོང་མཚམས་འཇོག་གི་མེད་པར། ཉིན་འདི་དག་ལ་ཨི་སི་རེལ་གྱི་དམག་མི་ ༤ ལ་ཧཱ་མཱ་སི་རུ་ཁག་གིས་བཏང་བའི་མེ་ཤུགས་འཕུར་མདའ་ཡི་འོག་བསད་ཡོད་པ་དང༌། དམག་མི་ ༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

  མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་ཨི་སི་རེལ་གྱི་དྲག་པོའི་བྱ་སྤྱོད་ལ་ཁ་རྡུང་བཏང་ཡོད་པ་དང༌། དམིགས་བསལ་གྱིས་ཧཕ་རན་སིའི་སྲིད་འཛིན་ནས་འབར་རྫས་གཡུག་མཚམས་འཇོག་དགོས་པར་ནན་གྱིས་བརྗོད་ཡོད།  ཐེངས་འདིའི་དྲག་པོའི་དམག་འཁྲུག་འདི་བྱུང་རྐྱེན་ལ་ཕྱོགས་གཉིས་ནས་འགྲེལ་བརྗོད་མ་མཐུན་པ་བྱེད་ཀྱིན་ཡོད། ཨི་སི་རེལ་གཞུང་འཛིན་མི་སྣས་གསར་ལམ་ཁག་ལ་གནས་ཚུལ་སྤེལ་བ་ལྟར་ན། པཱ་ལི་སི་ཐན་གྱི་གྲོང་ཁྱེར་གྷ་ཛ་དེ་ཨི་སི་ལ་མེག་ཚོགས་པ་སྟེ་ཧཱ་མཱ་སི་དམག་མིའི་རུ་ཁག་གིས་བཟུང་བ་ནས་མེ་ཤུགས་འཕུར་མདའ་གཙོས་པའི་རྡུལ་ཕྲན་མཚོན་ཆ་ས་མཚམས་བརྒལ་ནས་ཨི་སི་རེལ་མངའ་ཁོངས་ས་གནས་འགའ་ཤས་ནང་གཏོང་གི་ཡོད་པ་དང༌། འདས་པའི་བདུན་ཕྲག་ཁ་ཤས་ནང་རྡུལ་ཕྲན་མཚོན་ཆའི་རིགས་གཏོང་ཚད་མང་དུ་སོང་ཏེ་ཉིན་གཅིག་ལ་ ༢༠༠ ལྷག་གཏོང་གི་འདུག་པར་བརྗོད་ཡོད་པ་དང༌། ཧཱ་མཱ་སི་རུ་ཁག་གིས་གསར་ལམ་ཁག་ལ། མེ་ཤུགས་འཕུར་མདའ་གཏོང་གི་འདུག་ཟེར་བ་དེ་མེ་ཤུགས་འཕུར་མདའ་གཏོང་ཐེངས་ཤིག་གིས་ཨི་སི་རེལ་མངའ་ཁོངས་ཀྱི་ནའེ་ཌི་བོ་ཏྲི་གྲོང་སྡེ་རུ་མི་གཅིག་རྐྱེན་འདས་སུ་སོང་བ་དང༌། ཨི་སི་རེལ་གྱི་དོན་རྐྱེན་འདི་གཞི་ལ་བཞག་ནས་ཧཱ་མཱ་སི་རུ་ཁག་གིས་དྲག་སྤྱོད་ལས་འགུལ་སྤེལ་བར་ཐེ་ཚོམ་ཟ་གི་ཡོད་པར་བརྗོད་ཡོད། ཉིན་ཤས་ལ་ཨི་སི་རེལ་གྱི་མཁའ་དམག་གིས་གྷ་ཛ་གྲོང་ཁྱེར་གྱི་མཁའ་ལམ་བཟུང་བ་དང༌། གྲོང་ཁྱེར་དེ་ཡི་རྒྱ་གྲམ་དམར་པོའི་མགྲིན་ཚབ་པས་གསར་ལམ་ཁག་ལ། གྲོང་ཁྱེར་གྷ་ཛ་རུ་ཡོད་པའི་སྨན་ཁང་གང་སར་རྨས་སྐྱོན་ཕོག་པའི་མི་ཡིས་ཁེངས་ཡོད་པ་དང༌། མི་མང་པོའི་ཟུངས་ཁྲག་བཞུར་གྱིན་འདུག་པར་བརྗོད་ཡོད།  ཚེས་ ༣༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་ལམ་ཁག་ལ། ཨི་སི་རེལ་གྱིས་གྷ་ཛ་རུ་མི་དམངས་རྣམས་ལ་རོགས་སྐྱོར་གྱི་སྨན་རྫས་སོགས་སྐྱེལ་འདྲེན་རླངས་འཁོར་ཁག་ཅིག་ནང་འདྲེན་བྱ་ཆོག་པའྀ་ཆོག་མཆན་ཐོབ་ཡོད་ཀྱང་དེ་ཙམ་གྱིས་མི་མང་གི་དཀའ་ངལ་སེལ་བར་འདང་གི་མི་འདུག་ཅེས་བརྗོད་ཡོད།  གཞན་ཡང་རྒྱལ་ཁབ་གང་སར་ཡོད་པའི་རྒྱ་གྲམ་དམར་བོའི་ཚོགས་པ་སོགས་ནས་རྨས་སྐྱོན་ཕོག་པའི་མི་མང་སྨན་རྫས་ཀྱི་ཐད་ནས་རོགས་སྐྱོར་གནང་རྒྱུ་ཨི་སི་རེལ་ལ་ཆོག་མཆན་ཞུ་གི་ཡོད་འདུག

གལ་ཏེ་ཧཱ་མཱ་སི་དམག་མིའི་རུ་ཁག་ནས་ཕར་རྒོལ་བྱས་ཚེ་ཨི་སི་རེལ་ལ་དེ་ལས་ལྷག་པའི་དམག་འཐབ་ཀྱི་གྲ་སྒྲིག་ཡོད་འདུག  ཡིན་ན་ཡང་རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་ཐེངས་འདིའི་ཨི་སི་རེལ་གྱི་དྲག་པོའི་ཚུར་རྒོལ་འདི་ཡིས་མི་མང་དཀྱུས་མ་མང་པོར་སྙིད་ནད་བཟོས་ཤིང༌། གལ་ཏེ་ཨི་སི་རེལ་གྱིས་མུ་མཐུད་ནས་ཚུར་རྒོལ་བྱས་ཚེ་ཧཱ་མཱ་སི་དམག་མིའི་རུ་ཁག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་གི་ཁ་གྲངས་འཕེལ་གྱི་ཡིན་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་སི་རེལ་ལ་གནོན་ཤུགས་སྤྲོད་པའི་རྒྱུ་རྐྱེན་མང་དུ་སོང་བ་རེད་ཅེས་ཚོད་དཔག་བྱེད་ཀྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “དབུས་ཤར་ཨེ་ཤ་ཡའི་དམག་འཁྲུག

  1. དེ་ནི་ཏག་ཏག་ཞིག་མ་རེད། ཨེ་རལ་གྱིས་དང་པོ་དམག་རྒྱག་དགོས་དོན་ནི་ཧྰ་མྰ་སི་ཡིས་མེ་ཤུགས་འཕུར་མདའ་ཙམ་གཅིག་པོ་མིན་པར་དེའི་རྩ་ཁུངས་གཙོ་བོ་ནི་ཨེ་རན་དང་ཧྰེ་ཛི་བྷོ་ལྰ་སོགས་ཀྱིས་སྟིངས་སྐུལ་དང་ལག་ཆ་མཁོ་སྤྲོད་བྱས་པ་དང་།

    ༡ མེ་ཤུགས་འཕུར་མདའི་རྩ་པའི་འབྱུང་ཁུངས་གཙོ་བོ་་་་ཨེ་རན་
    ད་དུང་དེའི་ཁྲོད་དུ་རྒྱ་ནག་གི་འཕུར་མདའ་ཁ་ཤས་ཞིག་ཀྱང་རྙེད་ཡོད་སྐད་འདུག
    ༢་བརྒྱུད་རིན་གཉིས་པ་ ཧྰེ་ཛི་བྷོ་ལྰ་
    ༣བརྒྱུད་རིམ་གསུམ་པ་ ཧྰ་མྰ་སི་
    ལག་ཆ་དེ་དག་སྐྱེལ་འདྲེན་གྱི་ལམ་ཁ་ནི་ ་་་ཨེ་རྗེབ་པྰི་་་ མཐའ་འཚམས་ནས་ ཧྰ་མྰ་སི་ཡིས་ གྲོང་འཁྱེར་གྷ་རྫྰ་་ལ་ས་ཁོང་བརྒྱུད་འདྲེན་གྱིན་ཡོད་ལ་ ས་ཁོང་གི་ཤོང་ཚད་ནི་ ཏུན་4 ནས་8 བར་གྱི་བརླངས་འཁོར་གཏོང་ཐུབ་པ་ཙམ་དང་རིང་ཚད་ནི་ གྲོང་ཁྱེར་གྷ་རྫྰ་ཡི་ཁང་འོག་ནས་ ས་འོག་བརྒྱུད་ ཨེ་རྗེབ་པྰི་ གྲོང་གསེབ་ཞིག་དུ་འཐེན་ཡོད་ལ་ དེ་འདྲའི་ས་ཁོང་གྲང་༨༠་ལྷག་ཞིག་ཨེ་རལ་གསང་པའི་ལུས་ཁུངས་ཀྱིས་རྙེད་ཡོད་འདུག དེ་ལྟར་་ཕར་རྒོལ་འགོ་རྩོམ་མཁན་དེའང་ཧྰ་མྰ་སི་རེད་ཁོ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་དུ་ཨེ་རལ་དང་དམག་རྒྱག་འདོད་ཡོད་ཞེས་པ་སོགས་དང་ ཁོ་ཚོས་དང་ཐོག་དབང་འཛིན་དུས་ནས་ཁོ་ཚོ་ པྰ་ལྰི་སི་ཐན་མིན་དང་ ད་ནས་བཟུང་གྲོང་ཁྱེར་གྷ་རྫྰ་ནི་ ཧྰ་མྰ་སི་ཐན་ཡིན་ཞེས་བཏགས་ཡོད་ལ་དེའི་དམིགས་ཡུལ་ཡང་ཨེ་རལ་ལ་དྲག་རྒོལ་བྱེད་རྒྱུ་དེ་རེད་ད་སྐབས་ཡང་མིང་དེ་ལྟར་འབོད་མཁན་མང་པོ་འདུག
    ད་བར་དུ་ ཧྰ་མྰ་སི་ལ་མི་༥༦༠བསད་ཡོད་འདུག་ལ་དེ་ལས་༡༨༠་བྱིས་པ་དང་༢༦༠༠་ལ་རྨས་ཕོག་ཡོད་འདུག
    ཨེ་རལ་ལ་དམག་མི་༦དང་མི་སེར་༣་བསད་ཡོད་ལ་མི་གྲང་༨༠་ཙམ་ལ་རྨས་ཕོག་ཡོད་འདུག གོང་གི་དམག་མི་༦་ལས་༤ནི་ཨེ་རལ་རང་གི་དམག་མིས་ནོར་འཕྲུལ་གྱིས་རང་ལ་ཐན་ཁེས་འབར་རྫས་གཡུག་ནས་བསད་པ་དང་། གཞན་དམག་མི་གསུམ་ནི་ ཧྰ་མྰ་སི་ཡིས་བསད་པ་ཞིག་རེད་འདུག
    སང་ཉིན་ནས་དམག་འཚམས་འཇོག་རྒྱུར་ཕྱོགས་གཉིས་ནས་མོས་མཐུན་བྱུང་ཡོད་ཚོད་འདུག བར་འདུག་རྒྱལ་ཁབ་ནི་ ཧྥ་རན་སི་་་དང་་་་ཨེ་རྗེབ་པྰི་གཉིས་ཀྱིས་བྱས་ཡོད་འདུག
    འདིར་ད་དུང་རྒྱ་ནག་གིས་་་ ཧྰ་མྰ་སི་ལ་ཨ་སྒོར་འབུམ་གཅིག་ལྷག་གི་རྩ་པའི་ཟ་མ་དང་རོག་སྐྱོར་བཏང་ཡོད་འདུག་དེ་ནི་རྒྱ་ནག་དང་ཨེ་རན་དབར་གྱི་འབྲེལ་པས་སྟེང་ནས་ཡིན་པ་འདྲ།