ཉེ་བའི་ཟླ་ཤས་ནས་བོད་ཕྱི་ནང་གི་དྲ་ཚིགས་དང་ཚགས་ཤོག་སོགས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང༌། འཆར་ལོའི་ལོ་གསར་དུས་ཚིགས་དེ་མྱ་ངན་གྱི་རྣམ་པས་སྲུང་བརྩི་བྱ་རྒྱུའི་སྐོར་བཀོད་པ་སོགས་ལ་བསམ་ན། འཆར་ལོའི་ལོ་གསར་དུས་ཚིགས་ནས་མགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་སྐྱིད་སྡུག་མཉམ་མྱོང་དང༌། ཚོར་སེམས་གཅིག་གྱུར། རྡོག་རྩ་གཅིག་སྒྲིལ་དེ་སྔའི་ཆོས་རྒྱལ་ཚོའི་སྐབས་ཀྱི་བོད་ཁམས་དང་མཚུངས་པ་ཞིག་ཡོང་རྒྱུ་ཡིན་པར་ཚོམ་པ་མི་དགོས་ཤིང༌། དེ་བཞིན། འདི་ལོའི་ནང་ཆོལ་གསུམ་བོད་མི་སྐྱ་སེར་རྒན་གཞོན་གྱི་དབྱེ་བ་མེད་པར་དཔའ་ངར་ཆེན་པོས་སྡེབ་ལངས་བྱས་པའི་སྟོབས་ཤུགས་དེས་སེམས་ཁམས་མང་པོ་ཞིག་གཅིག་ཏུ་བརྒྱུས་ནས་ཡོད་ཐོག་འདིར། ང་ཚོས་མཐུན་སྒྲིལ་གྱི་ལག་གདང་དང་སྟོབས་ཤུགས་འདི་དུས་ནམ་ཡང་མི་ཉམས་པའི་འགན་ལེན་ཞུ་སྒོ་ཆེ་ཕྲར་དོ་སྣང་བྱེད་དགོས་པའང་གལ་ཆེན་ནང་གི་དོན་ཆེན་རེད།
མདོ་སྨད་རེབ་གོང་རོང་འབྲོང་གི་དགོན་གྲོང་ཁག་ནས་ས་གླང་ལོའི་གནམ་ལོ་གསར་ཚེས་ལ་དགའ་སྟོན་བྱེད་སྒོ་གང་ཡང་མི་སྤེལ་རྒྱུའི་སྐོར་བརྒྱ་ཁ་གཅིག་ཆོད་ཡིན་འདུག་ཅིང༌། དེ་ཡང༌། ཤོ་སྦག་རྒྱག་པ་དང༌། གླུ་ལེན་གར་རྩེད་བྱེད་པ། གྲོང་ཁྱིམ་ཕན་ཚུན་བར་མགྲོག་འབོད་དགྱེས་སྟོན་ལ་རོལ་བ་སོགས་ཀྱི་བྱེད་སྒོ་མཐའ་དག་མཚམས་འཇོག་གིས་ས་བྱིའི་ཞི་རྒོལ་ཆེན་མོའི་ནང་དམར་གསོད་བཏང་བའི་སྤུན་ཟླ་ཕོ་མོ་དག་ལ་མྱ་ངན་དང༌། བཙོན་དུ་བཞུགས་པའི་སྤུན་ཟླ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དུས་ཚིགས་ཤིག་ཏུ་ངོས་འཛིན་གཅིག་གྱུར་བྱུང་ཡོད་འདུག་སྟབས། ནམ་རྒྱུན་གྱི་དབང་དུ་བྱས་པས། ཁ་སང་དེ་རིང་གི་དུས་ཚིགས་འདི་ནི་ལོ་གསར་དགའ་སྟོན་གྱི་གྲ་སྒྲིག་གི་འུར་ཟིང་ཆེ་སྒང་ཡིན་ནའང༌། ད་ལོར་ནི་ཁྲོམ་སྲང་ཆེ་ཆུང་ན་ཤོ་སྦག་བཙོང་མཁན་གྱི་བོད་པའི་ཚོང་པ་མཐོང་རྒྱུ་མེད་པ་དང༌། དེ་བཞིན་ཤོག་སྦག་ཉོ་བརྩད་བྱེད་མཁན་གྱི་བོད་རིགས་ཀྱང་མཐོང་རྒྱུ་མེད་པའི་ཚོད་དུ་ཡོད་འདུག
ས་གནས་སུ་གནས་སྡོད་པ་ཞིག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། འཆར་ལོའི་ལོ་གསར་ནི་མྱ་ངན་གུས་འདུད་ཅིག་ཏུ་ངོས་འཛིན་དང་ཆགས་ཅིག་པར་ཡོད་པ་དང༌། སླད་ཕྱིན་གྱི་ལོ་གསར་ལ་མཚོན་ནའང༌། ད་ནི་བོད་པ་རང་གི་ལོ་གསར་གཏོང་བ་ལ་ཁ་ཕྱོགས་མཁན་མང་བ་ལས། རྒྱ་ནག་དང་ལྷན་དུ་ལོ་གསར་དུས་ཚིགས་ལ་རོལ་བ་འདི་ཡང་ང་ཚོར་འཚམ་པོ་མེད་པར་གླེང་མཁན་མང་དུ་འདུག་ལ། དེ་བཞིན་ལོ་ཤས་གོང་ནས་བོད་ཀྱི་ལོ་གསར་ལ་དམིགས་པའི་དགྱེས་སྟོན་ཆེ་ཆུང་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་དག་གི་ཤུགས་རྐྱེན་ལྟ་བུས། ལོ་ཤས་ནས་བོད་ཆོལ་ཁ་གསུམ་གྱི་ལོ་གསར་དུས་ཚིགས་གཅིག་གྱུར་ཏད་ལའང་ད་ལྟ་ནས་མི་མང་པོས་གླེང་སློང་བྱེད་ཀྱི་འདུག་ཟེར།
ཡང༌། ད་ལོའི་ལོ་གསར་དེ་དགྱེས་སྟོན་གྱི་རྣམ་པ་མ་ཡིན་པ་ཟེར་དུས་སྲུང་བརྩི་བྱེད་སྟངས་དེ་གང་འདྲ་ཞིག་བྱེད་རྩིས་ཡོད་པ་རེད་ཅེས་དྲིས་པར། ལོ་གསར་ཚེས་གཅིག་དེ་ནམ་རྒྱུན་དང་འདྲ་བའི་འུར་ཟིང་དང༌། གཟབ་འཆོར་གྱི་རྣམ་པ་མེད་པ་ཞིག་དང༌། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནངས་མཁན་གྱི་དཔའ་བོ་དཔའ་མོ་ཚོར་མྱ་ངན་གུས་འདུད་ཀྱི་མཆོད་མེ་འབུལ་བ་དང༌། སྨོན་ལམ་སྐྱབས་འཇུག་ཞུ་བ་སོགས་ནས་མགོ་བཙུགས་ཏེ། ཕོ་མོ་རྒན་གཞོན་ཚང་མའི་སེམས་ནང་སྐྱིད་སྡུག་མཉམ་མྱོང་གི་ཚོར་སྣང་སླེབས་པ་ཞིག་ཏུ་སྲུང་བརྩི་བྱེད་དགོས་པ་དེ་རེད། དཔེར་ན། འཆར་ལོའི་ལོ་གསར་ནི་གྱ་དགུ་ལོར་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་པའི་ལོ་དང་མཚུངས་པར། མྱ་ངན་གྱི་དུས་ཚིགས་ཤིག་ཆགས་རྒྱུ་རེད་ཟེར།
རྡོ་རྗེ་དབང་ཕྱུག་གི་དུས་བབ་ཟིན་བྲིས་ནས་བཤུས།