བོད་ཀྱི་འཁྱགས་ཀླུང་ཞུ་སྟེ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད།

གོ་ལའི་ཚ་དྲོད་མུ་མཐུད་ངུ་རྒྱས་པའི་དབང་གིས་འབྱུང་འགྱུར་གྱི་ལོ་རབས་འགའི་རིང་ནས་ཨེ་ཤ་ཡའི་མཚོ་བརྒྱུད་གྲོང་ཁྱེར་ཁག་ནས་འབྲོག་པའི་རྩྭ་ཐང་བར་དུ་འཚོ་སྡོད་བྱེད་མཁན་མི་གྲངས་དུང་ཕྱིར་ ༢ ལྷག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད་ཟེར།

ཆེད་ལས་ཚན་རིག་པ་ལྟར་ན། མདོ་དབུས་མཐོ་སྒང་དུ་འཁྱགས་རོམ་གྱི་ཀློང་ཆེན་ ༤༥༠༠༠ ཡོད་པ་དག་དགུན་ཁར་ཁ་བ་འབབ་པའི་དུས་སུ་དར་འཁྱགས་བརྩེགས་པ་དང་། ནམ་ཟླར་དྲོད་རྒྱས་པའི་དུས་སུ་རིམ་བཞིན་ཞུ་ནས་རྨ་ཆུ་དང་འབྲི་ཆུ། ཡར་ཀླུང་གཙང་བོ། མེ་ཀོང་གཙང་བོ་སོགས་ཨེ་ཤ་ཡའི་གཙང་བོ་ཆེ་གྲས་ཁག་ལ་འབབ་ཀྱིན་ཡོད་པ་རེད།

མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་ཆེན་པོ་འདི་ལ་བརྟེན་ཚན་རིག་པ་ཁག་ཅིག་གིས་ཡུལ་འདི་ལ་གོ་ལའི་སྣེ་གསུམ་པ་ཞེས་ཀྱང་འབོད་ཀྱིན་ཡོད། མཐོ་སྒང་འདིའི་ཚ་དྲོད་འཕར་ཚད་དེ་འཛམ་གླིང་ཡུལ་གྲུ་གཞན་པ་དག་དང་བསྡུར་ན་ལྡབ་གཉིས་ཀྱིས་མགྱོགས་པ་འདུག་ཅེས་ཨ་རིའི་ཨོ་ཧེ་ཨོ་གཙུག་ལག་སློབ་གླིང་གི་འཁྱགས་རོམ་རིག་པ་བ་ ལོན་ནེ་ ཐོམ་སོན་ ལགས་ཀྱིས་བཤད་ཡོད་ལ། ཁོང་གིས་འདས་པའི་ལོ་རབས་དག་གི་ནང་འཛམ་གླིང་གི་འཁྱགས་ཀློང་འདྲ་མིན་དུ་ཞིབ་འཇུག་གནང་ཡོད་པ་རེད།

ཚ་དྲོད་འཕར་བར་བརྟེན་འཁྱགས་ཀློང་མགྱོགས་པོར་ཞུ་ཚེ་ཨེ་ཤ་ཡའི་མངའ་ཁུལ་ཡོངས་ལ་ཆུའི་ཐོན་ཁུངས་ཀྱི་དཀའ་ངལ་འཕྲད་རྒྱུ་རེད་ཟེར་ལ། འཁྱགས་པ་ཞུ་ཚད་ད་ལྟའི་མྱུར་ཚད་ཐོག་བསྡད་ཚེ་ ༢༠༥༠ ལོར་མདོ་དབུས་མཐོ་སྒང་གི་འཁྱགས་ཀློང་ཆེན་པོ་དག་གི་གསུམ་ཆ་གཉིས་ཞུ་རྒྱུ་རེད་ཅེས་ཁོང་གིས་ཕྱི་ཚེས་ ༡༦ ཉིན་ནེའུ་ཡོག་གི་མན་ཧ་ཊིན་ཨེ་ཤ་ཡའི་སྤྱི་ཚོགས་ཤེས་པར་བཤད་ཡོད་པ་རེད།

སྐབས་འདིའི་འཇིགས་དངངས་ཤིག་ནི་ཆུའི་ཐོན་ཁུངས་ལ་བརྟེན་ནས་མངའ་ཁུལ་འདི་དག་ཏུ་འདས་པའི་ལོ་ ༡༠༠ རིང་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་ཁག་དང་སྤྱི་ཚོགས། འཚོ་བའི་ལམ་ལུགས་དག་རེད་ཅེས་ཀྱང་བཤད་ཡོད་པ་རེད།

གཞན་ཡང་། ཨ་རིའི་ཝ་ཤིན་ཊོན་དུ་ཡོད་པའི་ཝོ་ཌུ་རོ་ ཝེལ་སོན་རྒྱལ་སྤྱིའི་ཤེས་ཡོན་པའི་བསྟི་གནས་ཀྱི་ཁོར་ཡུག་དང་བདེ་འཇགས་ལས་འཆར་གྱི་འགན་འཛིན་ རྗེ་ཧྥུ་ ཟླ་བྷེལ་ཁོལ་ གྱིས་ཁ་པར་བརྒྱུད་རོའུ་ཊར་གསར་ཁང་ལ་བཤད་དོན། འཁྱོགས་ཀློང་ཞུ་བ་དང་སྦྲགས་རྒྱ་ནག་དང་རྒྱ་གར། པཱ་ཀི་སི་ཐན། བྷང་ལ་ཌེ་ཤི། འབྲུག་ཡུལ་བཅས་ཀྱི་མི་གྲངས་ཐེར་འབུམ་ ༢ ལྷག་ལ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད་ཟེར།

ཧི་མ་ལ་ཡའི་རི་བརྒྱུད་དུ་གློག་བརྙན་བཟོ་མཁན་མ་ཁེལ་ཀྲོའོ་ཡིས་བཤད་དོན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་འབྲོག་པ་དག་གིས་ལོ་ངོ་སྟོང་ཕྲག་རིང་བསྟེན་ས་ནི་རྟ་ནོར་ལུག་སོགས་ཡིན་ལ། ཁོང་ཚོའི་འཚོ་སྐྱོང་གི་རྩྭ་ཐང་མང་པོ་ཞིག་ད་ལྟ་ནས་བྱེ་མར་འགྱུར་བཞིན་པ་དང་། བྱེ་མས་ཁེབས་ནས་ཡོང་གི་ཡོད་སྟབས་ཉེན་ཁ་ཆེན་པོ་རེད་ཅེས་བཤད་ཡོད་པ་རེད།

འཁྱགས་ཀླུང་ཞུ་བའི་དབང་གིས་མཚོ་རྒྱས་ཏེ། རྒྱ་ནག་གི་ཤར་ཕྱོགས་མཚོ་བརྒྱུད་ཁག་ལའང་ཆུའི་དཀའ་ངལ་ཡོང་རྒྱུ་ཡིན་འདུག

ཁོ་ལིམ་བྷེ་ཡ་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པའི་མཁས་དབང་རོ་བྷེར་ཊི་ བྷར་ནེ་ཊི་ལགས་ཀྱིས་ཚོགས་ཐོག་དེར་བཤད་དོན། དཀའ་ངལ་ཆེ་ཤོས་ཤིག་ནི་ཐོན་ཁུངས་ཇེ་ཉུང་དུ་ཕྱིན་པར་བརྟེན་མངའ་ཁུལ་དེར་དམག་འཁྲུག་གསར་པ་དག་མགོ་རྩོམ་སྲིད་པ་དེ་རེད་ཟེར།

ཚོགས་ཐོག་འདི་ནས་གོ་བསྡུར་ལམ་སྟོན་བརྙེད་པ་ནི། རྒྱལ་སྤྱི་རང་བཞིན་གྱི་མོས་མཐུན་གན་རྒྱའི་འོག་ནས་ནགས་ཚལ་མེར་བསྲེག་དང་། བཟོ་གྲྭ་དང་ལས་གྲྭའི་དུད་རླངས། རླངས་འཁོར་སོགས་འགྲིམ་འགྲུལ་གྱི་དུད་རླངས་རིགས་འགོག་སྡོམ་གྱིས་རང་བྱུང་ཁམས་ལ་གནོད་པའི་དུག་རླངས་མཐ་དག་སྔོན་འགོག་བྱེད་རྒྱུ་དེ་ཡིན་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “བོད་ཀྱི་འཁྱགས་ཀླུང་ཞུ་སྟེ་ཆུའི་དཀའ་ངལ་འཕྲད་རྒྱུ་རེད།

  1. སེར་གཙང་འཇམ་དབྱངས།

    སྤྱིར་བོད་དེ་འཛམ་གླིང་ནང་ལ་འཁྱགས་རོམ་ཆེ་ཤོས་ཨང་གསུམ་པ་ཡིན་ཡང་
    ད་ཆ་བོད་ཀྱི་འཁྱགས་རོམ་ཙམ་མ་ཡིན་པར་འཛམ་གླིང་གི་འཁྱགས་རོམ་ཡང་
    རིམ་བཞིན་ཞུར་ནས་སྐྱེ་འགྲོ་ཀུན་ལ་བཅོས་མིན་གྱིས་དངས་ཚབ་ཆེ་ཆེར་འགྲོ།།