ཕྱི་ཚེས་ ༡༨ ཉིན་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བཤད་པ་ལྟར་ན། ལོ་འདིར་སུད་སིར་བོད་ལུགས་ལོ་གསར་རྒྱས་པ་ཞིག་འཚོགས་ཀྱིན་པའི་གནས་ཚུལ་ཐོས་སྟབས། བོད་ཀྱི་ལོ་གསར་དེ་སྔར་སྲོལ་ལྟར་འཚོགས་ཀྱི་ཡོད་པར་འདོད་དེ། ལོ་འདིའི་ལོ་གསར་ལ་གྲ་སྒྲག་བྱས་ཟིན་ནའང་། ཉེ་ལམ་ནས་ད་ལོ་བོད་མི་རྣམས་ཀྱིས་བོད་ལུགས་ལོ་གསར་སར་རྒྱུ་མིན་པའི་གནས་ཚུལ་གོ་ལ། ཧྥ་རན་སིའི་བོད་རིགས་མི་མང་གི་ཁྲོད་དུའང་དེ་མཚུངས་གླེང་སློང་བྱུང་བར་བརྟེན་ཉིན་ཤས་སྔོན་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་འཛོམས་ཏེ་ ༢༠༠༨ ལོའི་ངོ་རྒོལ་སྐབས་ནས་ད་བར་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད། དེ་བཞིན་དུ་མུ་མཐུད་བཙོན་འོག་དང་མནར་གཅོད་འོག་ཡོད་པའི་སྤུན་ཟླ་རྣམས་རྒྱབ་སྐྱོར་དང་གདུས་སེམས་མཚོན་ཆེད་ད་ལོ་ལོ་གསར་རྒྱུ་མིན་པའི་ཐག་གཅོད་བྱས་པ་ཡིན་ཅེས་གསུངས་བྱུང་།
ཡང་ཁོང་གིས་བརྗོད་དོན། ལོ་གསར་མཉམ་འཛོམས་བྱེད་སའི་ས་ཆ་དེ་སྔ་མོ་ནས་གཡར་ཡོད་སྟབས། གང་ལྟར་ས་ཆ་དེ་ནས་ཞབས་བསྟེན་ནམ ཡང་ན་མཆོད་མེ་འབུལ་བ་སོགས་ལས་འགུལ་སྤེལ་རྒྱུ་ཡིན། ཡིན་ཡང་། ལས་འགུལ་རྣམ་པ་གང་འདྲ་ཞིག་སྤེལ་མིན་ནི་ཉིན་གཉིས་རྗེས་སུ་རྒྱུན་ལས་རྣམས་འཛོམས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ཅེས་ཀྱང་བརྗོད་བྱུང་།
ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བཤད་དོན། ཧྥ་རན་སིའི་བོད་རིགས་རྣམས་ཀྱིས་ལོ་འདིའི་གསུམ་བཅུའི་དུས་དྲན་དེ་ད་ལོ་དམིགས་བསལ་ཞིག་སྲུང་གཙི་བྱ་རྩིས་ཡོད་སྟབས། ད་སྐབས་གྲ་སྒྲིག་གཙོ་བོ་དེ་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྐོར་ཡིན་ཟེར།