བོད་
དེ་རིང་ང་ཚོས་སའི་གོ་ལའི་སྟེང་གི་དབང་ཤུགས་ཆེ་ཤོས་ཀྱི་མི་སྟེ། ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མ་མཆོག་གི་ཁྲི་སྟོན་ལ་རྟེན་འབྲེལ་ཞུ་གིན་ཡོད། ཁོང་གིས་འགྱུར་བ་ཞེས་པའི་འབོད་ཚིག་འདི་ཁྱེར་ནས་སྲིད་སྟེགས་འདིར་ཕེབས་ཡོད་ལ། དེ་རིང་འཛམ་གླིང་མི་དམངས་ཀྱིས་རང་རང་གི་ས་ཁུལ་ལ་དཔག་པའི་འགྱུར་བ་རེར་རེ་སྒུག་བྱེད་ཀྱིན་ཡོད། སྐབས་འདིར་བོད་མི་རིགས་ཀྱིས་ཀྱང་ཁོང་ལ་རེ་བའི་ཚིག་འགའ་འབུལ་འོས་པར་འདོད་ཅིང༌། རེ་བ་འདི་དག་འཕྲིན་ཐུང་བསྡུས་མ་ཞིག་གི་ནང་བཀོད་དེ་འདི་ལྟར་འབུལ་ཆོག
སྲིད་འཛིན་ཨོ་བྷ་མ་ལགས། སྐུ་ཉིད་གསེར་ཁྲིར་མངའ་གསོལ་གྱི་རྒྱས་སྟོན་ལ་འཚམས་འདྲི་དང་བཅས་ཞུ་གསོལ། སྤྱིར་བཏང་བོད་མི་རིགས་ལ་ད་ལོ་ལོ་གསར་མེད་པ་ལྟར་ཁྱེད་ཀྱི་ཁྲི་སྟོན་ལའང་དེ་ཙམ་གྱི་རྒྱས་སྤྲོས་ཆེ་བའི་འཚམས་འདྲི་ཞུ་ཐུབ་མ་སོང། ཡིན་ཡང༌། ཉིན་མོ་འདི་ཁྱེད་ལ་གལ་ཆེ་བ་བཞིན་དུ་བོད་མི་རིགས་ལའང་གལ་འགངས་ཧ་ཅང་ཆེ་སྟེ། དེ་རིང་གི་ཁྱེད་ཀྱི་ཁྲི་སྟོན་གྱི་ཉིན་མོ་ནས་བརྩིས་ན་ངེད་ཅག་གི་གསུམ་བཅུའི་དུས་དྲན་ལ་ཉིན་ ༥༠ ཐམ་པ་དག་དག་ཡོད་ལ། ཉིན་ ༥༠ འདིའི་རྗེས་ནས་ཏཱ་ལའི་བླ་མ་མཆོག་རང་གི་ལུང་པ་ནས་ཕྱིར་བྲོས་ཏེ་མི་ཡུལ་ལ་འཁྱམས་ཤིང་རི་མགོ་ནས་འཁོར་ཏེ་མི་ལོ་ ༥༠ ཐམ་པ་འཁོར་བ་ཡིན། ཁོང་གི་རྗེས་འཇུག་པ་ཚོ་ཤི་རྨས་ཚབས་ཆེན་དང་བཅས་མི་ཡུལ་ལ་ཐོར་དང་འཐོར་བཞིན་པ་ཡིན། ད་སྐབས་རྒྱ་ནག་གིས་ཁོང་གི་ཚེ་མཇུག་ཀྱང་རི་མགོ་ནས་འཕུད་དགོས་པའི་དབང་ཡོད་བཤད་ཀྱིན་འདུག་སྟབས་སྐུ་ཉིད་ནས་རྒྱ་ནག་གི་དཔོན་རིགས་འདི་དག་གི་བསམ་བློའི་གུག་དང་དཀྱོགས་ཀྱི་ནང་དེར་འགྱུར་བའི་ས་བོན་རེ་འདེབས་ཐུབ་བམ།
འགྱུར་བ་ནི་སྐུ་ཉིད་ཀྱི་ཁ་འདོན་གཙོ་བོ་ཡིན་ལ། ང་ཚོར་དགོས་པ་ཡང་ད་ལྟའི་ཡ་ང་བའི་གནས་སྟངས་འདིར་འགྱུར་བ་ཞིག་དགོས་པ་དེ་ཡིན། འཛམ་གླིང་གང་སར་འགྱུར་བ་ཆེ་ཕྲ་ཆུང་གསུམ་འགྲོ་གིན་ཡོད་ལ། ཐ་ན་རྒྱ་ནག་རང་གི་སྤྱི་ཚོགས་ལའང་གང་འཚམ་གྱི་འགྱུར་བ་རེ་འགྲོ་གིན་ཡོད། འོན་ཀྱང་འགྱུར་བ་སྤུ་ཙམ་མེད་པ་དེ་ནི་བོད་དོན་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་ཐོག་ལ་བཟུང་བའི་ཐོག་མཐའ་བར གསུམ་གྱི་སྲིད་བྱིས་ལངས་ཕྱོགས་རེད། པེ་ཅིན་གྱི་མགོ་ཁྲིད་ཚོས་འདི་ལ་འགྱུར་བ་གཏན་ནས་མེད་ཟེར། སྲིད་འཛིན་ལགས། སྐུ་ཉིད་ནི་འགྱུར་བ་གསུང་མཁན་དང་འགྱུར་བ་ལ་ཡིད་ཆེས་གནང་མཁན་ཞིག་ཡིན་སྟབས། རྒྱ་ནག་གིས་བོད་ཐོག་ལ་བཤད་ཕྱོགས་དང་ལས་ཕྱོགས་འདིར་འགྱུར་བ་རེ་དགོས་པར་གཟིགས་ཀྱི་ཡོད་དམ། གལ་སྲིད་ཡོད་ན་འགྱུར་བ་འདི་ངེས་ཟིན་དང་བཅས་ལག་ལེན་གྱི་ཐོག་ནས་གསུང་ཐུབ་མཁན་ནི་ཁྱེད་ཉིད་ལས་གཞན་མ་མཆིས་ན་སྐུ་ཉིད་ཀྱིས་སྲིད་འཛིན་ལས་ཁུར་གྱི་ཐོག་མའི་ཉིན་ ༡༠༠ རིང་གི་གལ་ཆེའི་ལས་དོན་གྱི་རྣམ་གྲངས་ཁྲོད་དུ་བོད་དོན་གྱི་འགྱུར་བ་འདི་ཡང་འཇུག་རྒྱུ་ནི་བོད་མི་རིགས་ཀྱི་རེ་བ་ཡིན།
ང་ཚོར་ད་དུང་ནང་ཁུལ་ནས་འགྱུར་དགོས་པའི་གཤིས་ཀ་དང་ཆོ་ག་ཕྱག་ལེན་མང་པོ་ཞིག་ཡོད། ཁྲིམས་ཀྱི་འདུ་ཤེས་དང༌། གཞན་བསྟེན་བསམ་བློ། རང་ལྟ་མཆོག་འཛིན། ནང་ཁུལ་དབྱེན་དཀྲུག ད་དུང་ང་ཚོའི་རྒྱུད་ན་མེད་ཅིང་ངག་ལ་གོམས་བསྡད་པའི་རང་ལས་གཞན་གཅེས་སོགས་མང་པོ་ཞིག་ཡོད། འདི་དག་ནི་སྐུ་ཉིད་ཀྱི་སྲིད་ཁྲིའི་ལོ་ ༥ དང་དེ་ལས་ཀྱང་རིང་སྲིད་པའི་མི་ལོ་ ༡༠ དུས་ཡུན་རིང་ང་ཚོས་ཞིབ་ཕྲ་དང་བཅས་ལོ་རེ་རེ་བཞིན་འབུལ་ཆོག་པ་ཞུ།
མཐའ་དོན། ཨབ་གྷན་དང་ཨི་རག་གི་དམག་འཁྲུག་ཆད་ཅིང༌། ད་དུང་འགད་ལ་ཁལ་དང་འཐོར་ལ་ཉེ་བའི་ས་སྟེང་གི་འཐབ་འཁྲུག་མཐའ་དག་ཞི་བ་དང༌། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་སྙིང་ནད་སངས་ཤིང་དཔལ་འབྱོར་ཉམས་རྒུད་ལས་བྱུང་བའི་ལྟོགས་སྐོམ་གྱི་རིགས་མྱུར་དུ་སེལ་བའི་སྨོན་འདུན་དང་བཅས། བོད་མི་རིགས་ཀྱིས་ཛ་དྲག་གི་ཚོར་བའི་སྒོ་ནས་ཕུལ་བའོ།།