ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་གི་རྗེས་དྲན།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༣༨ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

འདས་པའི་མི་ལོ་ལྔ་བཅུ་ཐམ་པ་ནི་ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་རེད། འདི་ནི་ད་བར་ཐག་མ་ཆོད་པའི་བོད་རྒྱའི་དཀའ་རྙོག་གི་རིང་ཚད་རེད། དུས་མཚམས་འདིར་བོད་རྒྱ་གཉིས་ཀྱི་འགལ་བ་ནི་མུ་མཐུད་ནས་རྒྱུན་སྲིང་གིན་ཡོད་ལ། འགལ་བའི་རྣམ་འགྱུར་ནི་ལོ་ནག་དང་དྲག་རྡུང་གི་ངོ་བོར་འཕེལ་ཡོད།

བོད་མི་རིགས་གཞིས་བྱེས་གཉིས་སུ་གྱེས་ནས་ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་འགོར་བའི་རིང་འདིར། རིག་གནས་གསར་བརྗེ་ཆེན་མོ་ཐེངས་གཅིག་དང་བོད་པའི་མི་རབས་གསར་རྙིང་བཞི་བརྗེ་ཡོད། ཡིན་ཡང༌། བོད་མི་རིགས་ཀྱི་ཆོད་སེམས་ནི་སྔར་བཞིན་བརྟན་ཞིང༌། བོད་མི་རིགས་ཀྱི་དམ་ཚིག་ནི་སྔར་བས་ཀྱང་ཇེ་དམ་དུ་འགྲོ་གིན་ཡོད་ལ། བོད་རྒྱའི་དཀའ་རྙོག་གི་རྩ་བའང་མ་ཆོད་པར་ཡོད། ད་ཆ་བོད་མི་རིགས་ཀྱིས་རི་ཡུལ་གཉིས་སུ་གྱེས་ཏེ་ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་འགོར་བའི་རྗེས་དྲན་ལ་གྲ་སྒྲིག་དང༌། འདས་པའི་ལོ་ ༡ རིང་གི་ཞེ་འཁོན་དང་ན་ཟུག་དེ་མི་ལོ་ ༥༠ རིང་གི་མནར་གཅོད་ལ་སྦྱར་ནས་གླེང་བཞིན་ལོ་ནག་སྲུང་གཙི་བྱེད་ཀྱིན་ཡོད། པེ་ཅིན་གྱིས་ཀྱང་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདིར་བཙན་གྱིས་ལངས་ཏེ་དྲག་རྡུང་གི་ལས་འགུལ་མགོ་བརྩམས་སོང་། རྒྱ་ནག་གི་བྱེད་བབ་འདི་ནི་ཁོ་ཚོར་དབང་ཆེ་ནས་མ་ཡིན་པར་ཐབས་ཟད་ནས་ཡིན་སྟབས། སླར་ཡང་བོད་ཡུལ་འདི་དམར་གསོད་ཀྱི་བཤས་ར་ཞིག་ཏུ་མི་བསྒྱུར་བའི་ངེས་པ་མི་འདུག དེ་བས་བོད་མི་ཚོས་ལོ་འདིའི་ལས་འགུལ་ཆེ་ཕྲ་གང་ཡིན་ཡང་ཞི་བ་དང༌། ཐབས་མཁས་ཤིག་གནང་རྒྱུ་ནི་གནད་དུ་ཆེ།

ལྷག་པར་དུ་འདི་ལྟའི་ཛ་དྲག་གནས་སྟངས་ཤིག་གི་འོག ང་ཚོས་འཛམ་གླིང་མི་དམངས་བདེན་དཔང་ལ་འབོད་པ་དང༌། བོད་ཀྱི་གནད་དོན་འདིར་རྟོག་ཞིབ་བྱེད་མཁན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཅིག་འཛུགས་པར་འབོད་སྐུལ། དེ་བཞིན་འཛམ་གླིང་སྟེང་ཤུགས་རྐྱེན་དང་གྲགས་ཆེ་བའི་རང་དབང་དང་དྲང་བདེན། ཞི་བདེ་བཅས་ཀྱི་དབུ་ཁྲིད་དག་གདན་འབོད་ཀྱིས་བོད་མི་རིགས་ཀྱི་གནད་དོན་འདི་ལ་ལོ་རྒྱུས་རང་བཞིན་གྱི་རྒྱབ་སྐྱོར་གནང་བ་དང་ཕྱོགས་སྡོམ་བྱེད་པ། བསྒྲགས་གཏམ་སྤེལ་བ་བཅས་ཀྱི་སྒོ་ནས་བོད་དོན་འདི་ཁ་གསལ་གཏིང་གསལ་གྱི་ཐོག་ནས་རྒྱལ་སྤྱིའི་གནད་དོན་ལ་བསྒྱུར་རྒྱུ་ནི། ཏཱ་ལའི་བླ་མ་མཆོག་དང་ཁོང་གིས་དབུ་ཁྲིད་པའི་བོད་མི་རྣམས་རི་མགོར་བྱོལ་ཏེ་ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་འགོར་བའི་ལོ་འདིའི་ལས་འགུལ་གལ་ཆེན་རྩ་ཆེན་དུ་གྱུར་འདུག་སྙམ་མོ།།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཉིན་ཞག་ཆིག་ཁྲི་བརྒྱད་སྟོང་གི་རྗེས་དྲན།

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས།

    རང་ལོ་༡༨ ཡན་ནས་༥༥ མན་བར་གྱི་བོད་རིགས་ཚོ་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་རྩར་བཅར་ནས་ཞུ་གཏུགས་རྒྱག་རྒྱུ་དང་དཀའ་ངལ་ཡིག་ཐོག་ལ་ཕབ་རྒྱུ་གཉིས་ཀར་སྒྲིག་འཛུགས་དང་འཆར་གཞི། སྣེ་འཁྲིད་གསུམ་ནི་དགོས་ངེས་ཅན་རེད་འདུག་ སྒྲིག་འཛུགས་མེད་པའི་དབང་དུ་བཏང་རུང་། འཆར་གཞི་དང་སྣེ་འཁྲིད་དགོས་རྒྱུ་གལ་ཆེ་གི།
    འདི་འདྲའི་ལས་འགུལ་ཞིག་སྤེལ་བ་ན། ཁུལ་དང་རྫོང་། ཞང་རིམ་པའི་བོད་མི་གུང་ཁྲན་ཏང་ཡོན་ཚོས་འགན་འཁུར་ཏེ་མི་མང་ལ་སྐུལ་འདེད་བྱེད་ཐུབ་ན་རེ་བ་ཡོད་ཀྱི་རེད་བསམ་གི

  2. མགྲིན་པ་ཟབ་མོ།

    རེད། ཚང་མས་བསམ་ཚུལ་ཁྱེར་ཤོག རིག་པ་ཁྱེར་ཤོག ཐབས་དང་ཤེས་རབ་ཀྱིས་མ་བཏང་བ་རེ་ཁྱེར་ཤོག

    གཞི་རིམ་གྱི་ལས་གཞི་མ་གཏོགས་ཁ་ཐུག་གི་སྐད་ཅོར་དང་རྩོད་མགོ་ཁྱེར་མ་ཡོང་།

  3. མི་ནག་ཚང་ལུང་རིགས་རྒྱལ།

    ཁ་ཉིན་ངས་དྲ་ཐོག་གི་གསར་འགྱུར་ཞིག་གི་གཤམ་དུ་བསམ་ཚུལ་འདི་འདྲ་ཞིག་བྲིས་པ་ཡིན། ཐུགས་ཕན་གསོས་མིན་དང་ཐབས་ལམ་ཡག་པོ་ཞིག་ཡིན་མིན་ཞུ་ཚོད་མི་ཐིག་མོད། ང་ཚོའི་ལས་འགུལ་གྱི་གྲོས་རིམ་ཁྲོད་བཞག་ན་མ་འོས་པ་མི་འདུག་སྙམ།

    (ས་གནས་སོ་སོ་ནས་བོད་མི་རང་ལོ་ ༡༨ ཡན་ནས་ ༥༥ མན་བར་འབྲེལ་ཡོད་ལས་ཁུངས་ཀྱི་སྒོ་རྩར་བཅར་ཏེ་ཞུ་གཏུགས་བྱས་ན་ཡག་པོ་རེད། ཡིན་ནའང་། ངའི་ལྟ་ཚུལ་ཡིན་ན་བོད་མིའི་དཀའ་ངལ་འདི་ཡིག་ཐོག་ལ་ཕབ་སྟེ་ཞིང་ཆེན་སོ་སོ་དང་། རིམ་པ་སོ་སོའི་བོད་རིགས་ལས་བྱེད། དགེ་རྒན། སློབ་ཆེན་སློབ་མ། ཡུལ་སྡེ་སོ་སོའི་མགོ་བ། དགོན་སྡེ་ཁག་གི་བླ་མ་མཁན་པོ་རྣམས། དེ་བཞིན་མང་ཚོགས་དཀྱུས་མ་བཅས་ནས་ས་ཡིག་བསྡུ་རུབ་ལྟ་བུའི་ལས་འགུལ་ཞིག་སྤེལ་ཏེ། ཀྲུང་དབྱང་དང་འཐབ་ཕྱོགས་གཅིག་གྱུར་ཁང་། དེ་བཞིན་ཀྲུང་དབྱང་གི་འབྲེལ་ཡོད་བོད་རིགས་དཔོན་པོ་རྣམས་དང་། གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་དཔོན་པོ་རྣམས་བཅས་ལ་ཡུལ་སོ་སོའི་སྐད་ཡིག་གི་ནང་དུ་བསྒྱུར་ནས་ཕུལ་ན་དེ་བ་ཀྱང་ལེགས་པོ་ཞིག་ཡོང་བར་འདོད།

    ལས་འགུལ་གྱི་རིམ་པ་འདི་ནི་བོད་ནང་ད་བར་བྱུང་མ་མྱོང་བ་དང་། དེང་རབས་ཀྱི་རང་དབང་དང་དམངས་གཙོ། མི་སེར་སྤྱི་ཚོགས་ཀྱི་ལས་འགུལ་ཞིག་ཡིན་སྟབས་ནུས་པ་ཆེ་ཞིང་རྡབ་གསིག་ཆུང་བའི་ལས་འགུལ་གྱི་རིགས་ཤིག་རེད།

    ལས་འགུལ་འདི་ནི་ཕྱོགས་གཞན་ནས་བཤད་ན། མང་མོས་འོས་བསྡུ་མ་བྱས་པར་བོད་མི་རིགས་ཀྱི་ཐུན་མོང་གི་མངོན་འདོད་དེ་རྒྱལ་སྤྱིའི་སྒང་ནས་ཤེས་བྱེད་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་པར་འདོད། )

  4. རིག་འབྱུང་དོན་གྲུབ་བཀྲ་ཤིས།

    ད་ཡིན་ན། རྩོམ་སྒྲིག་པ་མཆོག་གིས་ཀྱང་ཟམ་གདོང་རིན་པོའི་ཆེའི་སྐད་ཆ་དེ་འཁྱེར་ཡོང་འདུག་ག
    གང་ལྟར། བོད་ནང་དུ་ལས་འགུལ་ལ་སྒྲིག་འཛུགས་དང་འཆར་གཞི། སྣེ་འཁྲིད་སོགས་གཅིག་གྱུར་ཞིག་མེད་དུས། ཞི་བ་དང་ཐབས་མཁས་ཟེར་རྒྱུ་འདི་ཁག་པོ་རེད་ལ་
    རྒྱ་ནག་གི་དྲག་གནོན་འོག་ཏུ་དེ་ལས་ཀྱང་ཁག་པོ་རེད།
    འདི་ནི་བཙན་བྱོལ་བའི་གླེང་ཕྱོགས་ཤིག་རེད་ལ་ད་ལྟའི་བཀའ་བློན་ཁྲི་བའི་ཁ་གཡང་ཞིག་ཀྱང་རེད།