ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ།

རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་ཡིས་དབྱིན་ལན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། མི་ཞིག་གིས་ལྷམ་གཞུས་ནས་ངོ་རྒོལ་བྱས་ཡོད་འདུག

ཚེས་ ༡ ནས་ཉིན་གསུམ་རིང་ལ་རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་དབྱིན་ལན་དུ་ཚོང་འབྲེལ་གྱི་ལྟ་སྐོར་ལ་ཡོང་ཡོད་པ་དང༌། ཚེས་ ༢ ཉིན་དབྱིན་ལན་གྱི་ Cambridge University ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེར་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། ཚོགས་ཁང་ནང་མི་ཞིག་གིས་ཝན་ཅ་པོ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་དང༌། གཏམ་བཤད་མགོ་བཙུགས་མ་ཐག་ངོ་རྒོལ་བྱེད་མཁན་མི་དེས། ༼སློབ་གྲྭ་ཆེན་མོ་འདིས་སྲིད་དབང་སྒེར་གཅོད་པ་འདི་དང་མཉམ་དུ་རང་ཉིད་བཙོང་དགོས་པ་རེད་དམ། ཁོས་བཤད་པའི་རྫུན་གཏམ་ལ་ང་ཚོས་གང་འདྲ་བྱེད་ནས་ཉན་དགོས་སམ།༽ ཞེས་པའི་དྲི་བ་འདི་གཉིས་སྐད་ཤུགས་ཆེན་པོས་བརྗོད་པས། གཏམ་བཤད་རེ་ཞིག་མཚམས་འཇོག་དགོས་བྱུང་བ་དང༌། ལྷིང་འཇགས་སུ་ཡོད་པའི་ཚོགས་རྭའི་ཁྲོད་མི་རྣམས་ཀྱིས་གསལ་བོར་ཐོས་ཡོད་འདུག དེ་བཞིན་ཁོང་གིས་རང་གི་ལྷམ་ཡ་གཅིག་སྲིད་བློན་ཝན་ཅ་པོ་ཡི་ཕྱོགས་སུ་གཡུག་ཡོད་པ་དང༌། ལྷམ་དེ་ཝན་ཅ་པོ་དང་བར་ཐག་མི་ཊར་ ༡ ཙམ་གྱི་མཚམས་སུ་གཡུག་ཐུབ་ཡོད་འདུག མཐར་མི་དེ་ཚོགས་རྭ་ནས་ཕྱིར་ཁྲིད་ཡོད་པ་དང༌། ཉེན་རྟོག་པས་གསར་ལམ་ཁག་ལ་མི་དེའི་མིང་བཏོན་མེད་ལ། མི་དེ་མི་མང་ལ་བརྡབ་གསིག་བཟོས་པའི་་ནེས་མིང་འོག་ཕྱི་ཚེས་ ༡༠ ཉིན་ཁྲིམས་ཁང་ལ་བཅར་དགོས་ཀྱི་ཡོད་ཚུལ་གསར་ལམ་ཁག་ལ་སྤེལ་ཡོད་པ་རེད།

དེ་བཞིན་ཚེས་ ༡ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་གིས་དབྱིན་ལན་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ཕྱི་རུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐད་འབོད་བྱེད་མཁན་མི་ ༥ ཉེན་རྟོག་པས་འཇུ་བཟུང་བྱས་ཀྱང་ད་ལྟ་གློད་གྲོལ་ཐོབ་ཡོད་འདུག

ལོསྔོན་མའི་ཟླ་ ༡༢ པའི་ནང་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་ཨི་རག་ཏུ་མཐའ་མའི་གཟིགས་སྐོར་ལ་ཕེབས་སྐབས། ཨི་རག་གསར་འགོད་པ་ཞིག་གིས་ལྷམ་གཞུས་པའི་གནས་ཚུལ་བྱུང་ཡོད་པ་དང༌། གསར་ལམ་ཁག་ནས། ལྷམ་གཞུས་ནས་ངོ་རྒོལ་བྱེད་པ་འདི་ནི་ངོ་རྒོལ་བྱེད་སྟངས་གསར་བ་ཞིག་ཡིན་པ་དང་མ་འོངས་པར་རྒྱ་ཁྱབ་དུ་འགྲོ་ངེས་ཚུལ་བརྗོད་ཀྱིན་ཡོད་འདུག 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

11 thoughts on “ཝན་ཅ་པོ་ལ་ལྷམ་གྱིས་གཞུས་པ།

  1. གཞིས་ལུས་བོད་པ།

    ད་རེབ་རྒྱ་ནག་ནང་ཁུལ་ནས་ཀྱང་ཅུང་ཟད་བསྟན་སོང་། བསྟན་དགོས་པའི་རྒྱུ་མཚན་ནི་ཁོ་ཚང་གིས་སྐྱོན་བརྗོད་བྱེད་དགོས་པས་ཡིན་པ་འདྲ། སྤྱིར་བཏང་ལོ་སྔོན་མའི་ནང་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་སྐབས་ཀྱང་༥༩ལོ་ཡན་གྱི་པར་དེ་མཐོང་དུ་བཅུགས་འདུག་ལ་ད་ལྟའི་གོང་ས་མཆོག་གི་པར་རྣམས་སྒྲིབ་པར་བྱས་འདུག དེའི་རྗེས་སུ་ཡང་གོང་ས་མཆོག་གི་པར་ཡང་སྐྱོན་བརྗོད་ཞོར་དུ་སྟོན་གྱིན་འདུག རྣམ་པ་ཅུང་ཟད་འགྱུར་བའི་ཚོར་སྣང་ཞིག་བྱུང་། འོན་ཀྱང་གོང་ས་མཆོག་གི་པར་དེ་ཞལ་འཛུམ་མེད་པ་དེ་ཚོ་བསྟན་སོང་། དེ་ནི་རྒྱ་ནག་མི་དམངས་ལ་ཁོང་ཁྲོ་སློང་བའི་ཆེད་དུ་ཡིན་པ་འདྲ།

  2. ལྷ་ཆབ་སྦྱིན་པ།

    རྒྱ་ནག་ནང་ཁུལ་ལ་མཚོན་ན་ད་རེབ་ཀྱི་གསར་འགྱུར་འདི་བརྒྱུད་བསྒྲགས་བྱས་མེད་པ་ཐག་གིས་ཆོད། གནས་ཚུལ་འདི་རྒྱ་ནག་མི་རིགས་ཀྱིས་མཐོང་ནའང་ཁོང་ཁྲོ་ལང་ཁོ་ཐག་རེད། འདིའི་རྒྱུ་མཚན་ནི་སྲིད་བློན་྄ཝུན་ཅ་པོ་ནང་བཞིན་ཁོང་ཚོ་ཚང་མ་བློ་ཁོག་མེད་པ་དང་སེམས་རྒྱ་ཆུང་བ། ལྷག་པར་དུ་སྒེར་སྤྱོད་ཀྱི་འདུ་ཤེས་ཟབ་པ་བཅས་ཀྱིས་ཡིན། འདི་ནི་ཀམ་བྷུ་རེ་རྗེའི་སློབ་མའི་ཆུ་ཚད་ལ་རག་ལས་མིན་གཙོ་བོ་མ་ཡིན་པར། ལྷམ་ཀོག་གིས་གཞུས་སའི་ཡུལ་གྱི་ཉམས་ཚོད་ལེན་བྱེད་ཅིག་ཏག་ཏག་ཆགས་འདུག་པར་སེམས།

  3. མི་ནག་ཚང་ལུང་རིགས་རྒྱལ།

    དོན་རྐྱེན་འདི་མི་ཆོས་སམ་ཀུན་སྤྱོད་ཀྱི་གནད་དོན་ལ་སྦྱར་ནས་གླེང་ན་སྤྱིར་བཏང་འོས་པ་ཞིག་ཡིན་རུང་། རྒྱ་ནག་གི་མི་རབས་བཞི་པའི་དབུ་ཁྲིད་དེ་ཚོས་མི་ཆོས་སམ་ཀུན་སྤྱོད་དེ། དབྱིན་ཡིག་གི་ ethics ལ་ལྟ་སྟངས་གང་འདྲ་ཞིག་བཟུང་ཡོད་མེད་དེ་དང་པོར་བཞག་ནས་གླེང་དགོས་པར་འདོད།

  4. མི་ནག་ཚང་ལུང་རིགས་རྒྱལ།

    རྒྱ་ནག་གིས་ད་ཆར་ལོ་ངོ་ ༢༠༠ རིང་གི་ལོ་རྒྱུས་ཡོད་པའི་ཀམ་བྷུ་རེ་རྗེ་གཙུག་ལག་སློབ་གླིང་གི་ད་ལྟའི་སློབ་མའི་སྤུས་ཀ་འདི་ཨེ་རེད་ཅེས་སློབ་གྲྭའི་མཚན་མཐོང་ལ་དམའ་འབེབ་དང་མིའི་སྤུས་ཚད་གླེང་གི་འདུག འདི་ལ་ལྟ་ཚུལ་འདྲ་ཡོད་དམ།