རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་ཡིས་དབྱིན་ལན་གྱི་སློབ་གྲྭ་ཆེན་མོ་ཞིག་ཏུ་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། མི་ཞིག་གིས་ལྷམ་གཞུས་ནས་ངོ་རྒོལ་བྱས་ཡོད་འདུག
ཚེས་ ༡ ནས་ཉིན་གསུམ་རིང་ལ་རྒྱ་ནག་གི་སྲིད་བློན་ཝན་ཅ་པོ་དབྱིན་ལན་དུ་ཚོང་འབྲེལ་གྱི་ལྟ་སྐོར་ལ་ཡོང་ཡོད་པ་དང༌། ཚེས་ ༢ ཉིན་དབྱིན་ལན་གྱི་ Cambridge University ཞེས་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དེར་འཛམ་གླིང་དཔལ་འབྱོར་གྱི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་སྐབས། ཚོགས་ཁང་ནང་མི་ཞིག་གིས་ཝན་ཅ་པོ་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་དང༌། གཏམ་བཤད་མགོ་བཙུགས་མ་ཐག་ངོ་རྒོལ་བྱེད་མཁན་མི་དེས། ༼སློབ་གྲྭ་ཆེན་མོ་འདིས་སྲིད་དབང་སྒེར་གཅོད་པ་འདི་དང་མཉམ་དུ་རང་ཉིད་བཙོང་དགོས་པ་རེད་དམ། ཁོས་བཤད་པའི་རྫུན་གཏམ་ལ་ང་ཚོས་གང་འདྲ་བྱེད་ནས་ཉན་དགོས་སམ།༽ ཞེས་པའི་དྲི་བ་འདི་གཉིས་སྐད་ཤུགས་ཆེན་པོས་བརྗོད་པས། གཏམ་བཤད་རེ་ཞིག་མཚམས་འཇོག་དགོས་བྱུང་བ་དང༌། ལྷིང་འཇགས་སུ་ཡོད་པའི་ཚོགས་རྭའི་ཁྲོད་མི་རྣམས་ཀྱིས་གསལ་བོར་ཐོས་ཡོད་འདུག དེ་བཞིན་ཁོང་གིས་རང་གི་ལྷམ་ཡ་གཅིག་སྲིད་བློན་ཝན་ཅ་པོ་ཡི་ཕྱོགས་སུ་གཡུག་ཡོད་པ་དང༌། ལྷམ་དེ་ཝན་ཅ་པོ་དང་བར་ཐག་མི་ཊར་ ༡ ཙམ་གྱི་མཚམས་སུ་གཡུག་ཐུབ་ཡོད་འདུག མཐར་མི་དེ་ཚོགས་རྭ་ནས་ཕྱིར་ཁྲིད་ཡོད་པ་དང༌། ཉེན་རྟོག་པས་གསར་ལམ་ཁག་ལ་མི་དེའི་མིང་བཏོན་མེད་ལ། མི་དེ་མི་མང་ལ་བརྡབ་གསིག་བཟོས་པའི་་ནེས་མིང་འོག་ཕྱི་ཚེས་ ༡༠ ཉིན་ཁྲིམས་ཁང་ལ་བཅར་དགོས་ཀྱི་ཡོད་ཚུལ་གསར་ལམ་ཁག་ལ་སྤེལ་ཡོད་པ་རེད།
དེ་བཞིན་ཚེས་ ༡ ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ ༡༠༠ ལྷག་གིས་དབྱིན་ལན་དུ་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གི་ཕྱི་རུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། སྐད་འབོད་བྱེད་མཁན་མི་ ༥ ཉེན་རྟོག་པས་འཇུ་བཟུང་བྱས་ཀྱང་ད་ལྟ་གློད་གྲོལ་ཐོབ་ཡོད་འདུག
ལོསྔོན་མའི་ཟླ་ ༡༢ པའི་ནང་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་མཆོག་ཨི་རག་ཏུ་མཐའ་མའི་གཟིགས་སྐོར་ལ་ཕེབས་སྐབས། ཨི་རག་གསར་འགོད་པ་ཞིག་གིས་ལྷམ་གཞུས་པའི་གནས་ཚུལ་བྱུང་ཡོད་པ་དང༌། གསར་ལམ་ཁག་ནས། ལྷམ་གཞུས་ནས་ངོ་རྒོལ་བྱེད་པ་འདི་ནི་ངོ་རྒོལ་བྱེད་སྟངས་གསར་བ་ཞིག་ཡིན་པ་དང་མ་འོངས་པར་རྒྱ་ཁྱབ་དུ་འགྲོ་ངེས་ཚུལ་བརྗོད་ཀྱིན་ཡོད་འདུག