བོད་མི་དྲུག་བཙོན་འཇུག

ཁམས་དཀར་མཛེས་ཁུལ་གྱི་བོད་མི་དྲུག་ལ་ཟླ་ ༡ པོའི་ནང་ཁྲིམས་ཐག་བཅད་ཡོད་འདུག 

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ཟླ་ ༡ ཚེས་ ༢ ཉིན་དཀར་མཛེས་གསེར་ཆུ་སྟེང་གྲོང་སྡེ་བཞི་པ་ནས་ཡིན་ཞིང་བྲག་དཀར་བཙུན་དགོན་གྱི་བཙུན་མ་རང་ལོ་ ༢༨ ཅན་གཡང་སྐྱིད་ལ་ལོ་ ༡ དང་ཟླ་ ༩ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་ ༢༠༠༨ ཟླ་ ༥ ཚེས་ ༡༢ ཉིན་དགོན་དེའི་བཙུན་མ་ཁག་ཅིག་དང་ལྷན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་གནང་མཁན་གྲས་ཡིན།


ཟླ་ ༡ ཚེས་ ༡༥ ཡས་མས་ཞིག་ལ་དཀར་མཛེས་དབྱར་ཁག་གྲོང་ནས་ཡིན་པ་རང་ལོ་ ༢༧ ཅན་སྤོས་དབང་དང༌། དཀར་མཛེས་དབྱར་ཁག་གྲོང་ནས་ཡིན་པ་རང་ལོ་ ༣༡ ཡིན་པ་དབྱངས་འཛོམས། དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པ་རང་ལོ་ ༢༩ སོན་པའི་་ལྷ་མོ་བཅས་དབྱར་སྟེང་བཙུན་དགོན་གྱི་བཙུན་མ་གསུམ་ལ་ལོ་ ༢ དང་ཟླ་ ༦ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ནས་རྒྱ་སྒོར་ ༦༠ ཙམ་གྱི་ལམ་གླ་དགོས་པའི་བཙོན་ཁང་ཞིག་ཏུ་སྐྱེལ་འདྲེན་བྱས་ཡོད་འདུག ཁོང་རྣམས་ནི་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་པ་ཡིན་འདུག


ཟླ་ ༡ ཚེས་ ༢༠ ཡས་མས་ཞིག་ལ་དཀར་མཛེས་འབུམ་ཤུལ་གྲོང་ནས་ཡིན་པ་ཕ་ངག་དབང་ཀུན་དགའ་དང༌། མ་དཔལ་ལྡན་ཆོས་མཚོ་གཉིས་ཀྱི་བུ་རང་ལོ་ ༣༢ སོན་པ་་ངག་དབང་ཕུན་ཚོགས་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཁྲིན་ཏུའུ་ནས་ཀི་ལོ་མི་ཊར་ ༧༠ ཙམ་གྱི་སའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག ཁོང་ནི་ ༢༠༠༨ ཟླ་ ༦ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་མཁན་གྲས་ཡིན་འདུག

ཉེ་ཆར་ཕྱི་ཟླ་ ༡ ནང་དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པ་ཕ་བསམ་བདག་དང༌། མ་དཔའ་མོ་གཉིས་ཀྱི་བུ་ལུང་ལུང་བསོད་ནམས་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ ༢༠༠༨ ཟླ་ ༥ ཚེས་ ༡༧ ཉིན་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་མཁན་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་མི་དྲུག་བཙོན་འཇུག

  1. གཞིས་ལུས་བོད་པ།

    ཁོ་ཚོའི་སྤོབས་པ་དང་སྙིང་སྟོབས་ལ་བསྔགས་བརྗོད་དང་འབྲེལ་དཀའ་སྡུག་མི་མྱོང་བར་མྱུར་དུ་གློད་གྲོལ་ཡོང་ན་ཅི་མ་རུང་།

  2. ལྷ་ཆབ་སྦྱིན་པ།

    འཇིག་རྟེན་གྱི་རྒྱ་ནག་ཟེར་བའི་གང་ཟག་འདི་ཚོས་ད་ནི་དངོས་གནས་ང་ཚོ་འཚོ་རུ་འཇུག་འདོད་མེད་པ་འདྲ། སྤུན་ཟླ་གཅིག་གསོད་གཉིས་གསོད་དང་གཅིག་འཛིན་གཉིས་འཛིན་བྱས་ནས་འོང་དུས། དངོས་གནས་གཟོད་དཀའ་བ་ཞིག་ཡིན་ནའང༌། ཁོང་ཚོའི་དཔའ་སྤོབས་ལ་ཡི་རངས་དང་གུས་བཀུར་ཞུ་བ་ལས་ཐབས་ཤིག་ག་ལ་ཡོད།